- 'brom ston pa rgyal ba'i 'byung gnas/
- ID:
- T140977
- འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས (Tibetan, Tibetan script, Original)
- > 'brom ston pa rgyal ba'i 'byung gnas/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dromtön pagyel benjungné (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
-
1004-1064 - Drom Tönpa Gyalwey Jungney, Atisha's chief disciple, founder of Reding Monastery
- language:
- English
-
1005-1064 [ggd]
- language:
- English
2. dung dkar bod rig pa'i tshig mdzod chen mo
(དགེ་བཤེས་སྟོན་པ)རབ་བྱུང་དང་པོའི་གོང་གི་སྐོར་ཐ་མའི་ཤིང་འབྲུག་༡༠༠༤ལོ་ནས་རབ་བྱུང་དང་པོའི་ཤིང་འབྲུག་༡༠༦༤ལོ་བར། དགུང་ལོ་དྲུག་ཅུ་རེ་གཅིག་བཞུགས། འདིར་འབྲོམ་སྟོན་པའི་འཁྲུངས་ལོ་དང་དགུང་གྲངས་འདས་ལོ་བཅས་ལ་མི་མཐུན་པ་ཁག་བཞི་ཙམ་འདུག་པ་འདིར་མ་བྲིས། འདིར་ནི་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་《བཀའ་གདམས་ཆོས་འབྱུང་མཁས་པའི་ཡིད་འཕྲོག》ལྟར་བྲིས་པ་ཡིན། འཁྲུངས་ཡུལ་ནི་བྱང་གཉན་ཆེན་ཐང་ལྷའི་འོག་རྩ་སྒྱེ་མོ(འདམ་གཞུང་རྫོང་ཡངས་པ་ཅན་ཆུས་ཟམ་གསར་ཤང་བྱེ་ལུང་རུ་ཁག་གསུམ་པ) རུས་ཡང་གཞེར། ཡབ་རྟ་གསུམ་སྐུ་གཤེན་དང་ཡུམ་ཁུ་འོད་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་ངུ་ནས་ཡུམ་གཤེགས་རྗེས་ཡབ་ཀྱིས་མ་ཡར་གཅིག་བླངས་པས་རྒྱུན་དུ་སྡང་པོ་བྱས་པའི་རྐྱེན་གྱིས་ཁམས་སུ་བྲོས་ཕེབས། བླ་མ་སེ་བཙུན་གྱི་སར་བཞུགས་ནས་ཉིན་མོ་ནང་གཡོག་རྟ་ཕྱུགས་གསོ་བ། ཕྱེ་འཐག་པ་སོགས་མཛད་པའི་ཞོར་ལ་སློབ་སྦྱོང་དང་མ་བྲལ་བར་གནང་། མཚན་མོར་བླ་མའི་ཞིང་སྲུང་སོགས་མཛད་དེ་བླ་མའི་ཞབས་འདེགས་དང་རང་ཉིད་སློབ་གཉེར་འཐུས་ཤོར་མེད་པ་མཛ། ཞོར་ལ་པཎྜི་ཏ་སྨྲི་ཏི་ལས་སྒྲ་རིག་པ་དང་སཾ་སྐྲི་ཏའི་སྐད་བསླབས། དེ་ནས་མངའ་རིས་སུ་ཇོ་བོ་རྗེ་ཨ་ཏི་ཤ་ཕེབས་པ་གསན་སྟེ་ཁམས་ནས་མངའ་རིས་སུ་ཞབས་ཐང་གིས་མགྱོགས་པོར་ཕེབས་པས། ཇོ་བོ་རྗེ་ཉིན་གཉིས་གསུམ་ནས་མ་འགྱངས་པར་རྒྱ་གར་དུ་ཕེབས་གནང་ཉེའི་དུས་སུ་པུ་ཧྲེངས་རྒྱ་ཞིང་ཟེར་བའི་གྲོང་གི་ནང་དུ་མཇལ། དེ་ནས་དབུས་གཙང་གི་དགེ་བཤེས་མཁས་པ་ཚོར་ཇོ་བོ་རྗེ་ལྟ་བུའི་པཎྜི་ཏ་རྒྱ་གར་ནས་བོད་དུ་ཕེབས་པ་ཐེངས་གཅིག་ཡིན་པས་ངེས་པར་དུ་བོད་དབུས་གཙང་དུ་གདན་འདྲེན་ཞུ་དགོས་ཞེས་ཕྱག་བྲིས་གནང་བ་ལྟར་དབུས་གཙང་གི་མཁས་པ་རྣམས་ཀྱིས་ཇོ་བོ་རྗེ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་སར་ཟླ་བ་གསུམ་ཙམ་བཞུགས་ཡུན་མ་གཏོགས་སྐུ་ཚེ་གཅིག་རིང་འབྲོམ་གྱིས་ནང་གཡོག་གཙོ་བོར་མཛད་དེ། ཞར་ལ་གོ་སྐབས་བྱུང་ཚེ་ཆོས་ཞུ་བར་མཛད། ཇོ་བོ་རྗེ་སྐུ་མྱ་ངན་ལས་འདས་ནས་སྐུ་གདུང་དང་ཕྱག་དཔེ་སོགས་སློབ་མ་ཚོར་གནང་དགོས་རིགས་གནང་ནས་སྐུ་གདུང་ཐུགས་དམ་རྟེན་བཅས་དང་། ཇོ་བོས་གསོ་སྐྱོང་གནང་བའི་སློབ་མ་ཚོགས་པ་ཁག་རྣམས་ཁྲིད་དེ་རྭ་སྒྲེང་དུ་ཕེབས། རབ་བྱུང་དང་པོའི་མེ་བྱ་༡༠༤༧ལོར་རྭ་སྒྲེང་དགོན་པ་བཏབ། དངུལ་གྱི་མཆོད་རྟེན་ཞིག་གི་ནང་ཇོ་བོའི་སྐུ་གདུང་རྣམས་བཞུགས། དེ་ནས་ཇོ་བོའི་སློབ་མ་རྣམས་འབྲོམ་གྱིས་ཆོས་དང་འཚོ་བ་གཉིས་ཀའི་སྒོ་ནས་བསྐྱངས། སྐུ་ཚེ་གཅིག་གི་རིང་རྟེན་དགེ་བསྙེན་དུ་བཞུགས་པ་ལས་རབ་བྱུང་མ་མཛད་ཀྱང་བསླབ་ཁྲིམས་བསྲུང་བ་ལ་དགེ་སློང་ལས་ཀྱང་ལྷག་པ་མཛད། མཐར་དགུང་ལོ་རེ་གཅིག་པ་ལ་རྭ་སྒྲེང་དུ་སྐུ་གཤེགས། རྣམ་ཐར་ལོ་རྒྱུས་རྒྱས་པ་ལས་ཆེ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་《བཀའ་གདམས་ཆོས་འབྱུང་མཁས་པའི་ཡིད་འཕྲོག》དང། རི་བོ་ཆེ་དཔོན་ཚང་ཚེ་དབང་རྒྱལ་གྱིས་བརྩམས་པའི《ལྷོ་རོང་ཆོས་འབྱུང་ཐུབ་བསྟན་གསལ་བྱེད》ཀྱི་ཤོག་གྲངས་༡༤ནས་ཤོག་གྲངས་བཅུ་ལྷག་ཙམ་དང་ཆོས་འབྱུང་མཁས་པའི་དགའ་སྟོན་ལེ་ཚན་པའི་ཤོག་གྲངས་༡༤ནས་༣༠པར་གསལ།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་དང་པོའི་གོང་གི་ལོ་སྐོར་ཐ་མའི་ཤིང་ཕོ་[1253]འབྲུག་ལོ་སྟེ་སྤྱི་ལོ 1004 ལོར་དབུ་རུ་བྱང་ཕྱོགས་ཀྱི་སྟོད་ལུང་ཕུའི་རྩ་སྒྱེ་མོར་ཡབ་སྐུ་གཤེན་ཡག་གཞེར་འཕེན་དང་། ཡུམ་ཁུ་འོད་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དང་པོའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1064 ལོར་རྭ་སྒྲེང་དུ་སྐུ་གཤེགས། ཁོང་གི་བྱིས་པའི་མིང་ལ་ཆོས་འཕེལ་བཏགས། དགེ་བཤེས་གཡུང་ཆོས་མགོན་ལས་ཡི་གེའི་འབྲི་ཀློག་བསླབས་ཏེ་ལོ་བཞིར་བཞུགས། རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་ལ་རྒྱལ་བའི་འབྱུང་གནས་ཞེས་གསོལ། དགུང་ལོ་བཅུ་དགུ་བར་གྲུམ་གྱི་མཁན་བུ་ཆེན་པོ་སེ་བཙུན་ལ་བསྟེན་ནས་དབུ་མ། སྤྱོད་ཕྱོགས། སྔགས་རྙིང་མ་སོགས་ལ་ལེགས་པར་སྦྱངས། པཎྜི་ཏ་སྨྲི་ཏི་ལས་སྒྲ་རིག་པ་དང་སཾསྐྲྀ་ཏའི་སྐད་ལ་བསླབས། དགུང་ལོ་སོ་བརྒྱད་པར (སྤྱི་ལོ 1042) ཁམས་ནས་མངའ་རིས་སུ་ཇོ་བོ་རྗེ་མཇལ་དུ་ཕེབས། སྤུ་ཧྲངས་སུ་ཇོ་བོ་དང་མཇལ་ནས་བླ་མར་བསྟེན་ཏེ་བཀའ་ཆོས་མང་དུ་གསན། དགུང་ལོ་ང་བཞི་བར (སྤྱི་ལོ 1057 ལོར) འཕྲང་ཁ་བེར་ཆུང་སྦྱིན་བདག་གཙོ་བོ་བྱས་ཏེ་རྭ་སྒྲེང་དགོན་པ་ཕྱག་བཏབ། ཇོ་བོའི་སྐུ་གདུང་དངུལ་གྱི་མཆོད་རྟེན་དུ་བཞེངས། དེ་ནས་ཇོ་བོའི་སློབ་མ་རྣམས་ཁོང་གིས་ཆོས་དང་འཚོ་བ་གཉིས་ཀའི་སྒོ་ནས་བསྐྱངས་ཏེ་བཀའ་གདམས་བསྟན་པའི་བདག་པོར་གྱུར། ཁོང་ནི་དགེ་བསྙེན་ཡིན་ཡང་བསླབ་ཁྲིམས་བསྲུངས་བར་དགེ་སློང་ལས་ཀྱང་ལྷག་པར་མཛད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་པོ་ཏོ་བ་རིན་ཆེན་གསལ་དང་། སྤྱན་སྔ་བ་ཚུལ་ཁྲིམས་འབར། ཕུ་ཆུང་བ་གཞོན་ནུ་[1254]རྒྱལ་མཚན་བཅས་ཡིན། ཁོང་གི་གསུང་རྩོམ་ནི《མི་ཆོས་གནད་ཀྱི་ཕྲེང་བ》ལྟ་བུ་བསླབ་བྱའི་སྐོར་དང་། 《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་བ》ལྟ་བུ་བསྟོད་ཚོགས་ཀྱི་སྐོར་དང་། ས་དཔྱད། ལོ་རྒྱུས། རྣམ་ཐར། བཅའ་ཡིག འཕྲིན་ཡིག་བཅས་བསྟན་བཅོས་མང་པོར་བཞུགས་པ་མ་ཟད། 《བརྒྱད་སྟོང་པ》དང་། 《བརྒྱད་སྟོང་འགྲེལ་ཆེན》། 《འགྲེལ་ཆུང》། 《ཉི་ཁྲི་སྣང་བ》ལ་སོགས་པའི་མདོ་ཕྱོགས་ཀྱི་སྐོར་དང་། 《ཡེ་ཤེས་གྲུབ་པ》ལ་སོགས་པའི་སྔགས་ཕྱོགས་ཀྱི་སྐོར་ལ་འགྱུར་བཅོས་དང་ཞུས་དག་མང་དུ་མཛད་དོ། །
- language:
- Tibetan