- tsan dan jo bo/
- ID:
- T154409
- ཙན་དན་ཇོ་བོ (Tibetan, Tibetan script, Original)
- > tsan dan jo bo/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsenden jowo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. bod rgya tshig mdzod chen mo
[2184] འཕགས་ཡུལ་ནས་བཟོ་སྐྲུན་བྱས་པ་ཕྱིས་རྒྱ་ནག་ཏུ་གདན་དྲངས་ཏེ་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ་བའི་ཙན་དན་གྱི་ཐུབ་པའི་སྐུ་བརྙན་ཞིག་...
- language:
- English
4. dung dkar bod rig pa'i tshig mdzod chen mo
འདིར་སྐབས་སུ་བབས་པ་ཙན་དན་ཇོ་བོའི་ལོ་རྒྱུས་ལ་སྟོན་པའི་འཁྲུངས་ལོ་སོགས་ལ་རྒྱ་གར་ནག་དང་བོད་ཀྱི་མཁས་པ་མང་པོའི་བཞེད་ཚུལ་མི་འདྲ་བ་མང་དུ་འབྱུང་བའི་དབང་གིས་ལྷ་གནས་སུ་ཕེབས་པའི་ལོའི་གྲངས་ཀྱང་མི་མཐུན་པ་དང་། བོད་ཀྱི་བཀའ་འགྱུར་ནང་<<འདུལ་བ་ལུང་།>>དང<<དྲིན་ལན་བསབ་པའི་མདོ།>>སོགས་ལས་སྐུ་བརྙན་འདི་ཉིད་བཞེངས་ཚུལ་མདོ་ཙམ་བྱུང་ཡང་རྒྱ་ནག་གི་ལོ་རྒྱུས་ལས་བྱུང་བ་རྣམས་དེ་ལས་རྒྱས་པར་སྣང་ཞིང་དེའི་ཁུངས་ཀྱང་ལེགས་པར་སྣང་བས་དེ་བཞིན་དུ་བཤད་ན། སྟོན་པ་དགུང་ལོ་སོ་བརྒྱད་པ་ལ་སྔོན་རང་གི་ཡུམ་སྒྱུ་མ་ལྷ་མཛེས་འཛམ་བུ་གླིང་ནས་ཤི་འཕོས་ཏེ་སུམ་ཅུ་རྩ་གསུམ་དུ་སྐྱེས་པ་དེའི་དོན་མཛད་པ་དང་། གཞན་ཡང་སུམ་ཅུ་རྩ་གསུམ་གྱི་ལྷ་སྐལ་པ་དང་ལྡན་པ་རྣམས་རྗེས་སུ་བཟུང་བའི་ཆེད་དུ་ལྷའི་ཡུལ་དུ་གཤེགས་ཏེ་དེར་ཟླ་བ་གསུམ་དབྱར་གནས་པར་བཞུགས། རང་གི་ཡུམ་དང་ལྷའི་འདུལ་བྱ་མང་པོ་བདེན་པ་ལ་བཀོད་པ་སོགས་ཀྱི་དོན་མཛད། དེའི་ཚེ་ལྦ་ར་ན་སིའི་རྒྱལ་པོ་ཨུ་ཊ་ཡ་ནས་སྟོན་པའི་ཞལ་མ་མཇལ་བར་ཡུན་རིང་སོང་ནས་ཡིད་གདུགས་ཏེ། སྐུ་དངོས་དང་འདྲ་བའི་སྐུ་བརྙན་བཞེངས་པར་བསམས་ཏེ་མོའུ་འགལ་གྱི་བུ་ལ་སྦྲན། དེས་ཀྱང་བཟོ་བོ་མཁས་པ་སུམ་ཅུ་རྩ་གཉིས་ཁྲིད་དེ་རྫུ་འཕྲུལ་གྱིས་ལྷུ་ཡུལ་དུ་ཕྱིན། སྟོན་པའི་སྐུ་དངོས་ལ་བལྟར་བཅུག་པས་བཅོམ་ལྡན་འདས་ཀྱི་འོད་དང་གཟི་བརྗིད་མཐའ་ཡས་པའི་ཟིལ་གྱིས་བཟོ་བོ་རྣམས་ཀྱིས་སྐུའི་མཚན་རྣམས་ཇི་ལྟར་བཞིན་ཡོད་ལ་གཟུང་མ་ནུས་པ་ན་སྟོན་པས་ཆུ་ཀླུང་གི་འགྲམ་དུ་ཕེབས་ནས་སྐུ་བཞེངས་སྟབས་དུ་བཞུགས་བའི་གཟུགས་བརྙན་ཆུ་ནང་དུ་ཤར་བ་ལ་ལན་གསུམ་བསྐྱར་ཏེ་བལྟས་ལ་མཚན་བཟང་གི་ཁྱད་པར་རྣམས་ཡིད་ལ་བཟུང་བ་ལྟར་ཙན་དན་གཽ་ཤིརྴ་ལས་སྐུ་གཟུགས་བཞེངས་པ་ཡིན་ཅིང་། དེའི་ཚེ་ན་བཟའ་ཡང་ཆུའི་གཉེར་ལས་བསྐྱོད་པའི་རྣམ་པ་ཅན་དུ་ཡོད་པ་ལ་དཔེ་བྱས་ཏེ་ཆུ་རིས་མར་བསྒྲུབས། དེ་ཡང་སྟོན་པའི་བྱིན་རླབས་ཀྱིས་ཉི་མ་གཅིག་ལ་བསྒྲུབས་ནས་རྒྱལ་པོ་ཨུ་ཊ་ཡ་ནའི་མཆོད་གནས་སུ་བཞུགས། དེ་ནས་སྟོན་པ་སླར་མི་ཡུལ་ཕེབས་པའི་ཚེ་རིན་པོ་ཆེའི་ཐེམ་སྐས་གསུམ་སྤྲུལ་ཏེ་གཡས་པར་ཚངས་པ་ཆེན་པོ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་གཟུང་བ་གཟུགས་ཁམས་ཀྱི་ལྷ་རྣམས་དང་བཅས་པ་དང་། གཡོན་པར་བརྒྱ་བྱིན་རྔ་ཡབ་དཀར་པོ་ནོར་བུའི་ཡུ་བ་ཅན་ཐོགས་པ་འདོད་ཁམས་ཀྱི་ལྷའི་ཚོགས་དང་བཅས་པ་དང་། སྟེང་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དང་བུ་མོ་མང་པོས་མཆོད་རྫས་སྣ་ཚོགས་ཐོགས་པས་མཆོད་ཅིང་། མདུན་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་དྲི་བཟང་པོའི་སྤོས་ཐོགས་པས་བསུས་ཏེ་སྟོན་པ་རང་ཉིད་ཐེམ་སྐས་དབུས་མ་ནས་མཚན་དཔེའི་འོད་ཟེར་རབ་ཏུ་འབར་བར་ཉི་མའི་དཀྱིལ་འཁོར་ལྟར་ལྷམ་མེ་ལྷན་ནེ་ལྷང་ངེར་རེས་རྫུ་འཕྲུལ་དང་རེས་ཞབས་ཀྱིས་བཅགས་ཏེ་རིམ་གྱི་བྱོན། དེའི་ཚེ་དགེ་སློང་དགེ་འདུན་རྣམས་དང་། རྒྱལ་པོ་དང་། བློན་པོ། བྲམ་ཟེ། ཁྱིམ་བདག་ཕོ་མོ་རྣམས་ཀྱིས་རང་རང་གི་ཅི་འབྱོར་བའི་མཆོད་རྫས་སྣ་ཚོགས་པ་ཐོགས་ནས་བསུ་བ་བྱ་སྐབས་སྐུ་དེ་བཞེངས་ནས་གོམ་པ་ཁ་ཤས་བར་བསུ་བ་བྱས་ཏེ། སྐུ་དངོས་དང་མཇལ་སྐབས་དབུ་གུག་གུག་པ་ལ་ལན་གསུམ་གྱིས་སྐུ་ཁམས་འདྲི་བའི་ཚུལ་མཛད། སྟོན་པ་སྐུ་བརྙན་འདིའི་དབུ་ལ་ཕྱག་གཡས་པ་བརྐྱངས་ཏེ་བཞག་ནས་སངས་རྒྱས་དངོས་དང་འདྲ་བའི་བསྔགས་པ་མཛད་དེ་ང་མྱ་ངན་ལས་འདས་ནས་ལོ་ངོ་སྟོང་ལོན་པའི་ཚེ། སྐུ་ཁྱོད་ཀྱིས་རྒྱ་ནག་གི་ཡུལ་དུ་སེམས་ཅན་གྱི་དོན་བྱེད་པར་འགྱུར་ཞེས་ལུང་བསྟན་ནས་རྒྱལ་པོ་ཨུ་ཊ་ཡ་ན་ལ་ལེགས་སོ་བྱིན་ཏེ་སྐུ་གཟུགས་ཀྱི་ཐོག་མ་བཞེངས་པ་འདི་ངའི་བསྟན་པ་ལ་བྱ་བ་བྱས་ཤིང་སྐྱེ་བོ་བསྐལ་བ་དང་ལྡན་པ་མང་པོའི་བསོད་ནམས་ཀྱི་ཞིང་དམ་པར་གྱུར་པ་དང་། གཞན་ཡང་སེམས་ཅན་དཔག་ཏུ་མེད་པའི་དགེ་བའི་རྩ་བ་བསྐྱེད་པའི་གཞི་སྡིག་སྒྲིབ་དག་པར་བྱེད་པའི་ཐམས་ཅད་བླ་ན་མེད་པ་བདེ་བར་གཤེགས་པའི་སྐུ་བརྙན་བཞེངས་པའི་སྲོལ་གསར་དུ་གཏོད་པ་ཁྱེད་དང་འདྲ་བ་མེད་དོ་ཞེས་བཀའ་བསྩལ་བ་དང་། ལྷའི་དབང་པོས་ཀྱང་། ཀྱེ་རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ་དགའ་བར་བྱོས་ཤིག་རྙེད་པ་ལེགས་པར་བརྙེས་སོ་ཞེས་རྗེས་སུ་ཡི་རང་བས་གཟེངས་བསྟོད། དེ་ནས་བཟུང་སྟེ་ལོ་ཆིག་སྟོང་ཉིས་བརྒྱ་གྱ་ལྔའི་བར་དུ་རྒྱ་གར་ཡུལ་དུ་སྐྱེ་འགྲོ་རྣམས་ཀྱི་མཆོད་གནས་དམ་པར་བཞུགས། དེ་ནས་ཁིའུ་ཆིའི་(ཧན་ནུབ་མའི་སྐབས་ཀྱི་རྒྱལ་ཁབ་དེང་སང་ཤིན་ཅང་ཁུ་ཁྲེ་རྫོང་ཉེ་འདབས་)ཞེས་བྱ་བ་ལི་ཡུལ་དུ་ལོ་དྲུག་ཅུ་རེ་བརྒྱད་བཞུགས། དེའི་དུས་དུ་རྒྱ་ནག་བྱང་ཕྱོགས་སུ་ཆིན་རྒྱལ་ཁབ་སྔོན་མས་(前奏)སྲིད་དབང་བཟུང་བའི་སྐབས་ཡིན་པས་དེའི་གོང་མ་གསུམ་པ་ཞོན་ཀྲའོ་རྟིས་ཧྥུ་ཅན་(宜昭帝符坚)གྱིས་དམག་དཔོན་ཆེན་པོ་ལུའི་ཀང་(吕光)ཞེས་པ་རྒྱ་གར་གྱི་ཡུལ་དུ་མངགས་ཏེ་རྒྱ་གར་ཡུལ་ཕྲན་འགའ་ཞིག་དབང་དུ་བསྡུས། ¬ཇོ་བོའི་སྐུ་བརྙན་འདི་དང་། སྟོན་པའི་རིང་བསྲེལ་ཤཱ་རི་རམ་ཆེ་བ། པཎྜི་ཏ་ཀུ་མ་ར་ཤྲི་རྣམས་(རྒྱ་ཡིག་ལོ་རྒྱུས་ནང་པཎྜི་ཏ་འདིའི་མིང་ལ་ཅིའུ་མོ་ལོ་(鸠摩罗什)ཞེས་གསལ་)གདན་དྲངས། ཕྱིར་ལོག་པའི་ལམ་དུ་པཎྜི་ཏས་མངོན་ཤེས་དང་གྲུབ་རྟགས་མང་པོ་བསྟན་པས་དམག་དཔོན་དད་པ་ཆེར་འཕེལ། དེའི་ཕྱི་ལོ་ཅིའུ་ཆོན་(酒泉)དུ་སླེབས་པ་ན། ཆང་མི་རིགས་ཀྱི་འགོ་པ་ཡའོ་ཁྲེང་(姚苌)གིས་གོང་མ་ཧྥུ་ཅིའན་(符坚)བསད་ནས་རང་ཉིད་གོང་མ་བྱས་པ་དང་། དུས་ཟིང་ཆེན་པོ་བྱུང་བ་དང་སྟབས་ཁེལ་ཏེ། ལུའི་ཀོང་གིས་རང་གི་དམག་དཔུང་རྣམས་ཁྲིད་དེ་ལེའང་ཀྲའུ་(凉州)མཁར་བཟུང་ནས་སྒེར་བཙན་རྒྱལ་ཁབ་བཙུགས་པའི་མིང་ལ་ཧོའུ་ལེའང་(后凉)ཟེར་ཞིང་རྒྱལ་ས་འགུ་ཚང་(དེང་སང་ཀན་སུའུ་ཞིང་ཆེན་གྱི་ལྦུ་ལྦེའི་རྫོང་)(威武)ཡིན། དམག་དཔོན་གོང་མ་བྱས་པའི་མིང་ལ་དབྱི་ཨུ་རྟིས་ལུའི་ཀོང་(义武帝)ཟེར་བ་དང་། རུས་མིང་ནི་ལུའི(吕)ཡིན། དེས་རྒྱལ་པོ་བྱས་རྗེས་དེ་སྔོན་པཎྜི་ཏས་ལུང་བསྟན་པ་ལྟར་ཇོ་བོའི་སྐུ་ཡང་རྒྱལ་སར་གདན་དྲངས་ནས་རེ་ཞིག་དེར་བཞུགས། རྗེས་སུ་ཆིན་རྗེས་མའི་རྒྱལ་རབས་ཀྱི་རྒྱལ་པོ་ཡའོ་ཤིན་(姚兴)གྱི་ཁྲི་ལོ་གསུམ་པར་གོང་གསལ་ལུའི་ཀོང་གི་མི་རྒྱུད་ཀྱི་ལག་ནས་ཇོ་བོའི་སྐུ་དང་། འཕེལ་གདུང་། པཎྜི་ཏ་རྣམས་རྒྱལ་ས་ཁྲང་ཨན་མཁར་དུ་གདན་དྲངས་ནས། གཙུག་ལག་ཁང་གསར་དུ་བཞེངས། གསུང་རབ་མང་པོ་རྒྱ་ཡིག་ཏུ་བསྒྱུར། དགེ་འདུན་སྟོང་ཕྲག་ལོངས་པའི་དགོན་སྡེ་གསར་དུ་བཙུགས། སྐུ་བརྙན་འདི་ཉིད་ཀྱང་ཧུའུ་ནན་(湖南)དང་། ཅང་ནན་(江南)སོགས་ཞིང་ས་མང་པོར་རྒྱལ་པོ་རྣམས་ཀྱིས་གདན་དྲངས་ནས་མཆོད་པའི་རྟེན་དུ་བཟུང་། དེ་ནས་མན་ཇུའི་ཅིན་(女真金)རྒྱལ་རབས་ཀྱི་དུས་དཀྱིལ་དུ་པེ་ཅིན་ཕོ་བྲང་དུ་གདན་དྲངས། ལིན་ཅུང་སི་(宁钟寺)ཞེས་བྱ་བའི་ལྷ་ཁང་ནང་བཞུགས་སུ་གསོལ། དེ་རྗེས་ཡོན་རྒྱལ་རབས་ཀྱིས་དུས་སུ་ཞེང་ཨན་སི་(兴安寺)ཞེས་པའི་ལྷ་ཁང་དུ་གདན་དྲངས་ཤིང་། དེ་ནས་མིང་རྒྱལ་རབས་ཀྱི་རིང་དང་། ཆིང་རྒྱལ་རབས་ཀྱི་དུས་འགོ་བར་ལྷ་ཁང་འདི་ཉིད་དུ་བཞུགས་མུས་ལ། གོང་མ་ཁང་ཤིའི་ཁྲི་ལོ་བཞི་པར་ཕོ་བྲང་ནང་མའི་ཉེ་འདབས་ནུབ་བྱང་ངོས་སུ་སྙིང་རྗེ་ཆེན་པོའི་ལྷ་ཁང་(大慈佛殿)ཞེས་བྱ་བ་ཞིག་གསར་དུ་བཞེངས་ནས་ཇོ་བོ་རིན་པོ་ཆེ་འདི་ཉེད་དེར་གདན་དྲངས་ཏེ་རྟེན་གྱི་གཙོ་བོར་བཞུགས་སུ་བཅུག། རང་རེའི་རོ་བོ་དགེ་ལྡན་པའི་ལུགས་འཛིན་པའི་དགེ་འདུན་སྡེ་ཚོགས་པར་བྱས། བྱམས་གླིང་མཁན་པོ་ལྷ་རྗེ་སངས་རྒྱས་རྒྱལ་མཚན་བླ་མར་བསྐོས། རྟེན་རྣམས་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་། མཆོད་པའི་དངོས་པོ་བསམ་གྱིས་མི་ཁྱབ་པས་བསྟི་སྟང་ཏུ་བྱས། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་ནང་མའི་རྒྱུན་འཛུགས་པ་སོགས་ཐུབ་པའི་བསྟན་པ་ལ་སྲི་ཞུ་བླ་ན་མེད་པ་མཛད། དེ་ལྟར་ན་སྟོན་པའི་འཁྲུངས་ལོའི་སྐོར་རྒྱ་བོད་ཀྱི་བཞེད་ཚུལ་མི་འདྲ་བ་མང་དུ་སྣང་ནའང་རྟེན་འདིའི་ལོ་རྒྱུས་རྒྱ་ནག་གི་ཡིག་ཚང་ལ་ཡོད་པ་ལས་བཤད་པ་ལྟར་ན། སྟོན་པ་ཅེའུ་གུར་གྱི་དུས་ཤིང་ཕོ་སྟག་ལ་འཁྲུངས་པ་ནས་རྩིས་པར་ད་ལྟའི་ཆེན་པོ་ཆིང་གི་གནམ་སྐྱོང་ལོ་སོ་ལྔ་པ་ལྕགས་ཕོ་སྟག་གི་ལོ་འདི་ཉིས་སྟོང་བདུན་བརྒྱ་གོ་བདུན་པ་ཡིན་པར་སྣང་ཞིང་། སྐུ་བརྙན་འདི་ཉིད་སོ་བརྒྱད་པ་ལྕགས་མོ་ཡོས་ལ་བཞེངས་པར་བཤད་དོ། དེ་ལྟ་བུའི་སྐུ་བརྙན་འདི་ཉིད་ནི་སྐུ་རྒྱུ་ཙནྡན་གཽ་ཤཱིར་ལས་བསྒྲུབས་པ། སྤྱི་གཙུག་བལྟར་མི་མངོན་པ་སོགས་མཚན་དཔེ་རྣམས་གསལ་བ། འགྲོ་བ་རྣམས་འཁོར་བ་ལས་འདྲེན་པ་མཚོན་པའི་སྤྱན་ཅུང་ཟད་གྱེན་དུ་གཟིགས་པ། ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱས་སྐྱེ་རྒུ་ཐམས་ཅད་སྲིད་བཞིའི་འཇིགས་པ་ལས་སྐྱོབ་པ་དང་། ཕྱག་གཡོན་མཆོག་སྤྱིན་གྱི་ཕྱག་རྒྱས་འགྲོ་བ་རྣམས་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་ལ་བཀོད་པ་མཚོན་པ། ཞབས་གཉིས་མཉམ་སྟབས་ཀྱིས་བཞེངས་པས་འགྲོ་བའི་དོན་ལ་ནམ་ཡང་སྐྱོ་ངལ་མེད་པ་མཚོན་པ། ཐུགས་ཀ་ན་དྲོད་རྟ་རྔ་ཙམ་རྒྱུན་དུ་ཡོད་པ་དང་། ཞབས་མཐིལ་དང་གདན་གྱི་བར་ན་སྐུད་པ་ཤོང་བ་ཙམ་གྱི་བར་སྟོང་ཡོད་པ། བཟོ་བོ་གཞན་གྱིས་འདྲ་སྐུ་ཇི་ལྟར་བཞེངས་ཀྱང་སྐུའི་ཉམས་ཇི་ལྟ་བ་བཞིན་ལོང་དཀའ་བ་སོགས་ཁྱད་ཆོས་དུ་མ་དང་ལྡན་ཞིང་། བླ་མ་སྐྱེས་བུ་དམ་པ་རྣམས་དང་རྒྱལ་བློན་སྦྱིན་བདག་དང་ལྡན་པ་རྣམས་ཀྱིས་མཇལ་སྐབས་སྐུ་ལས་འོད་ཟེར་འཕྲོ་བ་སོགས་ཀྱི་མཐོང་སྣང་དུ་མ་བྱུང་བ་དང་། ནད་དང་། སྡུག་བསྔལ་དྲག་པོས་གཙེས་པ་རྣམས་ཀྱིས་གསོལ་བ་བརྩེ་གཅིག་ཏུ་བཏབ་པ་ན་ཉམས་དང་རྨི་ལམ་དུ་སྐུ་དངོས་ཀྱི་སྣང་བ་བསྩལ་ཏེ་དབུགས་འབྱིན་པར་མཛད་པ་སོགས་སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ད་ལྟའི་བར་དུ་ཡང་ཀུན་ལ་མཐུན་སྣང་དུ་གྲུབ་པ་དེ་བཞིན་ལགས་སོ། འདིའི་ལོ་རྒྱུས་རྒྱས་པ་ལྕང་སྐྱ་ཧོ་ཐོག་ཐུ་སྐུ་ཕྲེང་གསུམ་པ་རོལ་པའི་རྡོ་རྗེས་མཛད་པའི་《ཙན་དན་ཇོ་བོའི་ལོ་རྒྱུས་》དང་སོག་པོ་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་བརྩམས་པའི་《ཙན་དན་ཇོ་བོའི་ལོ་རྒྱུས།》གཉིས་སུ་གསལ། ས་པཎ་གྱི་དངོས་སློབ་བྱང་ངོས་ཀྱི་མཁན་པོ་ཤེས་རབ་ཡེ་ཤེས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་གཅིག་ཀྱང་ཡོད།
- language:
- Tibetan
5. Thupten Phuntsok Dictionary
འཕགས་ཡུལ་ནས་བཟོ་སྐྲུན་བྱས་པ་ཕྱིས་རྒྱ་ནག་ཏུ་གདན་དྲངས་ཏེ་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ་བའི་ཙན་དན་གྱི་ཐུབ་པའི་སྐུ་བརྙན་ཞིག
- language:
- Tibetan
6. smon lam tshig mdzod chen mo
འཕགས་ཡུལ་ནས་བཟོ་སྐྲུན་བྱས་པ་ཕྱིས་རྒྱ་ནག་ཏུ་གདན་དྲངས་ཏེ་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ་བའི་ཙན་དན་གྱི་ཐུབ་པའི་སྐུ་བརྙན་ཞིག
- language:
- Tibetan