Skip to main content Skip to search
karma ngag dbang yon tan rgya mtsho
ID:
T223002
  • ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ (Tibetan, Tibetan script, Original)
    • > karma ngag dbang yon tan rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > karma ngawang yönten gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅུ་བཞི་པའི་ཅུ་བྱའི་ཟླ་བ་བཅུ་པའི་ཚེས་བཅུ་ཉིན་སྤྱི་ལོ་༡༨༡༣ལོར་ཡབ་བོན་སྔགས་བསོད་ནམས་འཕེལ་དང་། ཡུམ་བཀྲ་ཤིས་འཚོ་གཉིས་ཀྱི་སྲས་སུ་སྡེ་དགེ་རོང་རྒྱབ་ཏུ་སྐུ་འཁྲུངས། ལུས་རྟེན་སྐྱེད་པའི་ཕ་ཡབ་དངོས་ནི་ཁྱུང་པོ་བླ་མ་གཡུང་དྲུང་བསྟན་འཛིན་ཞུ་བ་དེ་ཡིན་པར་གསལ། དགུང་ལོ་གསུམ་པར་གཙང་སྨན་རིའི་མཁན་པོ་བསོད་ནམས་བློ་གྲོས་ཡུལ་དེར་ཕེབས་པའི་མདུན་སྐྲ་ཕུད་བཅད་ཅིང་མཚན་བསྟན་འཛིན་གཡུང་དྲུང་དུ་བཏགས་པ་དེ་དུས་ཕྱིས་བར་བླ་དྭགས་ཀྱི་མིང་གྱུར། དགུང་ལོ་ལྔར་ཟིན་པ་དང་ཕ་ཡར་ལས་ཀ་ཁ་བསླབས། དགུང་ལོ་བརྒྱད་པར་ཀློག་ལ་ཤིན་ཏུ་མཁས་པར་ཆགས། དགུང་ལོ་བཅུ་པར་བྲིས་བསླབས་ནས་འདོན་ཆོག་པུ་སྡི་གསུམ་བཞི་ཙམ་བྲིས། དགུང་ལོ་བཅོ་ལྔའི་སྐབས་སུ་སྡེ་དགེའི་ཡུལ་དཔོན་རྣམས་ཀྱིས་མངའ་རིས་ཡུལ་འབྲོག་རྣམས་ལ་བཙན་གནོན་གྱིས་སྡུག་བསྔལ་མང་པོ་བྱས་རྐྱེན་གྱིས་རྫོང་ཁག་རྣམས་ཀྱི་སྡེ་འབངས་མང་པོ་ཡུལ་བུད་དགོས་པར་བྱུང་བའི་སྐབས་དང་ཁེལ། ཡབ་རྒན་བཙོན་དུ་བཅུག ཁྲལ་འུ་ཤིན་ཏུ་ལྕི་བའི་སྐབས་དེར་མ་ཡུམ་གྱིས། ཁྱོད་རང་གཞིས་ངན་འདིའི་སྟེང་སྡོད་དགོས་མེད། དགོན་པ་ཞིག་ཏུ་སོང་དང་མོ་རང་ཞལ་དུ་མགོ་ཐོན་འགྲོ་ཞེས་གསུངས་ཡང་། དེར་འཕྲལ་དུ་སྡོད་གནས་བློ་འབངས་པའི་དགོན་པ་ཞིག་མ་རྙེད་གསུངས། དགོང་ལོ་བཅུ་དྲུག་པར་ཕ་རྒན་འགན་ཆོས་སྡེ་ཕོ་བྲང་དུ་ཡོད་པ་དེའི་རྩར་བཏང་། དེར་བྲིས་དང་ཀློག་འདོན་བྱས། ཆབ་མདོ་ལྷ་མགར་ཞིག་གི་རྩར་སྨན་ལུགས་ཀྱི་ཐིག་རྩ་དང་། བྲིས་འབུར་གྱི་སྐུ་བརྙན་བསླབས། དེར་འདན་ཆོས་སྡེ་དཔོན་ཁང་སར་ཚེ་འཕེལ་བཞུགས་ཡོད་པ་དེས་གཟིགས་སྐྱོང་ཆེན་པོ་གནང་སྟེ་ཁོང་གི་དྲུང་ཡིག་གི་ལས་འགན་སྐུལ། དེ་ནས་ཞེ་ཆེན་དགོན་དུ་སློབ་སྦྱོང་བཏང་། ཐོག་མར་ནག་རྩིས་དང་། སྙན་ངག་མེ་ལོང་མ། སི་ཏུའི་སུམ་རྟགས་རྣམས་སློབ་སྦྱོང་དཔེར་བརྗོད་དང་བཅས་པ་མཐར་ཕྱིན་བསླབ། དགུང་ལོ་བཅོ་བརྒྱད་པའི་ལྕགས་སྟག་གནམ་ལོ་གསར་ཚེས་དུ་འཇམ་དབྱངས་དཀར་པོའི་དབང་ལུང་ཞུས་ཞིང་། སྨིན་གླིང་སྡོམ་གསུམ། ཀློང་ཆེན་མཛོད་བདུན་བཅས་གཞུང་ལུགས་མང་པོའི་གོ་ཁྲིད་མཐར་ཕྱིན་པར་བསླབས་པ་མ་ཟད། སྨིན་གླིང་བདེ་གཤེགས་ཀུན་འདུས་དང་། དཀོན་མཆོག་སྤྱི་འདུས་སོགས་ཆོ་ག་དང་མང་པོར་མཁས་པར་བྱས། དགུང་ལོ་ཉི་ཤུ་པའི་ཆུ་འབྲུག་ལོར་རྒྱལ་བའི་བཀའ་འགྱུར་ཡོངས་རྫོགས་དང་། བསྟན་འགྱུར་པོད་བཅུ་སྐོར་ཞིག་གི་ལུང་ཞུས། དེ་ནས་ཞེ་ཆེན་རི་ཁྲོད་དུ་ཕྱིན་ནས། རྙིང་མ་རྒྱུད་འབུམ། ངལ་བསོ་སྐོར་གསུམ། དོལ་པོ་པའི་རི་ཆོས་ངེས་དོན་རྒྱ་མཚོ། ཟབ་མོ་ནང་དོན་རང་འགྲེལ་དང་བཅས་པ། བླ་མ་དགོངས་འདུས་པུ་སྡི་བཅུ་གསུམ། རྒྱལ་པོའི་བཀའ་ཆེམས་པོད་གཉིས། པདྨ་དཀར་ཐང་། ཐང་ཡིག་སྡེ་ལྔ། འཇིགས་གླིང་བཀའ་འབུམ་པོད་དགུ། སྡོམ་གསུམ་རྣམ་ངེས་རྩ་འགྲེལ་སོགས་ཀྱི་ལྕགས་ལུང་ཞུས། ཆུ་སྦྲུལ་ཟླ་བ་གཉིས་པ་སྤྱི་ལོ་༡༨༣༣ལོར་ཁང་སར་དཔོན་རྒན་དཔལ་སྤུངས་དགོན་དུ་ཕེབས་པ་དང་ལྷན་དུ་ཁྲིད། ཐོག་མར་དབོན་རྒན་སྤྲུལ་སྐུ་བཞུགས་པ་དང་མཇལ། ལོ་དེའི་ཟླ་བ་གཉིས་པ་སྤྱི་ལོ་༡༨༣༣ལོར་ཁང་སར་དཔོན་རྒན་དཔལ་སྤུངས་དགོན་དུ་ཕེབས་པ་དང་ལྷན་དུ་ཁྲིད། ཐོག་མ་དབོན་རྒན་སྤྲུལ་སྐུ་བཞུགས་པ་དང་མཇལ། ལོ་དེའི་ཟླ་བ་བཅུ་པར་སི་ཏུ་པདྨ་ཉིན་བྱེད་མདུན་ནས་པཎ་ཆེན་སྡོམ་རྒྱུན་གྱི་བསྙེན་རྫོགས་ཞུས། མཚན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཞེས་གསོལ། དབོན་རྒན་རིན་པོ་ཆེ་ནས་ཀོང་སྤྲུལ་ལ་ཐུགས་བརྩེ་རེ་འདུན་ཤིན་ཏུ་ཆེ་བས་གཞན་ལ་ཤོར་དོགས་ཀྱིས་སི་ཏུ་པདྨ་ཉིན་བྱེད་མདུན། འདི་ལ་སྡེ་དགེའི་མདུན་ནས་དྲུང་ཡིག་དྲུང་ཡིག་འདེད་པ་སོགས་ཐོག་རྒྱག་ཅི་འོང་ཚོད་མི་འདུག་པས་རང་ཚང་སྤྲུལ་སྐུ་ཞིག་གི་མིང་བཏགས་པ་གལ་ཆེ་ཚུལ་ཞུས་སྐབས། སི་ཏུ་ཆོས་འབྱུང་གི་ཞལ་སློབ་ཀོང་པོ་བམ་སྟེང་སྤྲུལ་སྐུའི་ཡང་སྲིད་ཀྱི་མཚན་གསོལ། དེ་ནས་བཟུང་ཀོང་སྤྲུལ་ཞེས་པའི་མཚན་ཡོངས་སུ་གྲགས། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གདམས་གང་བཞུགས་བཙལ་ཞིང་རིས་མེད་ཀྱི་བླ་མ་ལྔ་བཅུ་ཙམ་བསྟེན་ནས་ཕྱི་ཐ་སྙད་རིག་པའི་གནས་ཡན་ལག་དང་བཅས་པ། ནང་མདོ་རྒྱུད་གསར་རྙིང་དགོངས་འགྲེལ་དང་བཅས་པ། གསང་བ་མན་ངག་ཉམས་ཁྲིད་ཕྱག་བཞེས་དང་བཅས་པ་རྣམས་ལ་ཐོས་པས་མཐའ་རྒྱ་བཅད། བསམ་པས་གཏན་ལ་ཕབ། སྒོམ་པས་ཉམས་སུ་བླངས་ཏེ་རང་དོན་དུ་མཁྱེན་གཉིས་ཀྱི་ཡེ་ཤེས་མངོན་དུ་བྱས། གཞན་དོན་དུ་གདུལ་བྱ་སོ་སོའི་མོས་བློ་དང་འཚམས་པར་སྒྲ་གཱ་ཙན་དབྱངས་གསུམ། སུམ་རྟགས་དག་གསུམ། གསོ་རིག་རྒྱུ་བཞི། རྩིས་དཀར་ནག་ལ་སོགས་པ་ཐུན་མོང་གི་རིག་གནས་སྐོར་དང་། གཞུང་ཀ་པོད་ལྔ། སྒྱུ་ཐོད་གདན་གསུམ། ནང་བརྟགས་རྒྱུད་གསུམ། ནཱ་རོ་ཆོས་དྲུག སྒྱུ་འཕྲུལ་གསང་རྙིང་དང་། དུས་འཁོར་སྦྱོར་དྲུག་ལ་སོགས་པ་མདོ་སྔགས་ཀྱི་གཞུང་བཤད་ལན་གྲངས་དུ་མར་སྩལ་བས་སྐལ་ལྡན་རྣམས་རྗེས་སུ་བཟུང་། ཁྱད་པར་དུ་མཛོད་ཆེན་རྣམ་པ་ལྔའི་བཀའ་སྲོལ་ཕྱེས་ཏེ། དེའི་གདམས་ངག་གི་དབང་ལུང་མན་ངག་བཅས་པའི་རྒྱུན་སྤེལ་བས་གྲུ་མཐའ་རིས་མེད་ཀྱི་ལུགས་སྲོལ་དར་སྤེལ་ཆེད་དུ་ཐུགས་བརྩོན་གནང་། ཁོང་གི་ཞལ་སློབ་ཏུ་གྱུར་པ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་དང་། ས་སྐྱའི་འཇམ་དབྱངས་བློ་གཏེར་དབང་པོ། རྙིང་མའི་མི་ཕམ་འཇམ་དབྱངས་རྣམ་རྒྱལ། དགེ་ལུགས་པའི་བྲག་གཡབ་གདོང་སྤྲུལ་ངག་དབང་དམ་ཆོས་སོགས་དང་། གཞན་ཡང་བླ་སློབ་གཉིས་ཀར་གྱུར་པ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཤིན་ཏུ་མང་། མཐར་དགུང་ལོ་གྱ་བདུན་པ་རབ་བྱུང་བཅོ་ལྔ་པའི་ས་ཕག་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་སྤྱི་ལོ་༡༨༩༩ལོར་སྐུ་གཤེགས། མཚན་གྱི་རྣམ་གྲངས་ལ། ངག་དབང་ཡོན་ཏན་རྒྱ་མཚོ། རྒྱལ་སྲས་བློ་གྲོས་མཐའ་ཡས། པདྨ་གར་གྱི་དབང་ཕྱུག བསྟན་གཉིས་གཡུང་དྲུང་གླིང་པ་བཅས་སོ། །

language:
Tibetan