- karma bstan skyong dbang po
- ID:
- T223005
- ཀརྨ་བསྟན་སྐྱོང་དབང་པོ (Tibetan, Tibetan script, Original)
- > karma bstan skyong dbang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > karma ten kyong wangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
གཙང་པ་རྒྱལ་པོ་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱི་བུ་ཡིན། རབ་བྱུང་བཅུ་པའི་མེ་རྟ་(༡༦༠༦)ལོར་གཙང་སྟོད་སེང་གེ་ལུང་མཆོད་རྟེན་རྒྱལ་པོ་སྐྱེས་ཞེས་བྱ་བར་འཁྲུངས། རང་ལོ་བཅུ་བཞི་པ་ལྕགས་སྤྲེལ(༡༦༢༠)ལོར་རང་གི་ཕ་ཕུན་ཚོགས་རྣམ་རྒྱལ་འབྲུམ་ནད་ཀྱིས་འདས་པའི་ལོ་དེ་ནས་རབ་བྱུང་བཅུ་གཅིག་པའི་ཆུ་རྟའི(༡༦༤༢)ལོ་འགོ་བར་ལོ་ཉི་ཤུ་ལྷག་ཙམ་རིང་སྲིད་བཟུང་། འོན་ཀྱང་མིང་ཙམ་ལས་དོན་དངོས་ཀྱི་དབང་ཆ་ནི་མགྲོན་གཉེར་བོང་གོང་བ་དང་། ཕྱི་བློན་སྒང་ཆེན་པ། ཟུག་པོ་བ་བཅས་ཀྱིས་ཟིན་པར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི《རང་རྣམ་དུ་ཀུ་ལའི་གོས་བཟང》དེབ་དང་པོའི་ཤོག་གྲངས༥༣པར་གསལ་ཞིང་། ལོ་དེའི་རྗེས་མ་ལྕགས་བྱ་(༡༦༢༡)ལོར་དགའ་ལྡན་ཕོ་བྲང་པའི་རྒྱབ་སྐྱོར་དུ་སོག་པོ་ལྷ་བཙུན་ཆུང་བ་བློ་བཟང་བསྟན་འཛིན་དང་། གུ་རུ་ཧོང་ཐའི་ཇི་གཉིས་ཀྱིས་བོད་དུ་བཏང་བའི་སོག་པོའི་རྟ་དམག་ཉིས་སྟོང་དང་དབུས་དམག་མཉམ་འབྲེལ་དམག་དཔུང་གིས་གཙང་པ་རྒྱལ་པོའི་དམག་དཔུང་ལ་རྒོལ་ལན་སློག་སྟེ་གཙང་པ་རྒྱལ་པོའི་དཔུང་ལ་ཕམ་ཉེས་བྱུང་རྗེས་ལྕགས་བྱ་ལོའི་ཆིངས་ཡིག་བཞག་། ཆིངས་ཡིག་གི་ནང་དོན་ཞིབ་པར《ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རང་རྣམ་དུ་ཀུ་ལའི་གོས་བཟང》དེབ་དང་པོའི་ཤོག་གྲངས༥༡ནས༢༡མཇུག་རྫོགས་པའི་བར་གསལ་ཞིང་། ལྕགས་བྱ་ལོའི་དམག་འཁྲུག་ཕམ་ཉེས་བྱུང་བ་སྡུག་ཁུར་མ་ཐུབ་པའི་རྐྱེན་གྱིས་སླར་ཡང་དགེ་ལུགས་ཕྱོགས་ལ་དགྲ་ཤ་ལེན་རྒྱུའི་གོ་སྐབས་སྒུགས་ནས་ཡོད་མུར་སོག་པོ་ཆ་ཧར་ལེན་དན་རྒྱལ་པོ་དང་། བར་ཁམས་ཀྱི་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་གཉིས་དང་མནའ་འབྲེལ་བཙུགས། ཕྱོགས་གསུམ་མཉམ་འབྲེལ་གྱིས་དགེ་ལུགས་པ་གཏོར་རྒྱུའི་ཁ་དན་བྱས་པ་མ་ཟད། ཐོག་མར་ཤིང་ཕག(༡༦༣༥)ལོ་ནས་ཆ་ཧར་ལེན་དན་གྱི་དམག་དཔུང་གཙང་པར་རྒྱབ་སྐྱོར་བྱེད་པར་བཏང་ཡང་བོད་དུ་སླེབས་རྗེས་རྐྱེན་མང་པོ་ཞིག་ལ་བརྟེན་ནས་གཙང་སོག་གཉིས་ནང་འཁྲུགས་བྱུང་ཏེ་སོག་དམག་ཕྱིར་འཐེན་བྱས་ཤིང་། སོག་པོའི་དཔོན་ནང་མ་མཐུན་པར་ཆ་ཧར་གྱི་བུ་བསད་པ་སོགས་རྒྱབ་སྐྱོར་ཡོང་བའི་རེ་བ་མེད་པར་གྱུར། དེ་རྗེས་ས་སྟག(༡༦༣༨)ལོར་བཀྲ་ཤིས་ལྷུན་པོའི་ཁ་གནོན་དུ་དམིགས་ཏེ་དགོན་པའི་འཁྲིས་སུ་ཆོས་སྡེ་ཆེན་པོ་གསར་རྒྱག་ཐོག། མིང་ལ་བཀྲ་ཤིས་ཟིལ་གནོན་ཟེར་བ་བཏགས་པ་དང་། སེ་འབྲས་གཉིས་ཀྱི་ཁ་གནོན་དུ་དམིགས་ཏེ་ཤུན་གདོང་དཀར་རྫོང་བརྩིགས་པ་སོགས་བྱས་རྐྱེན་རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག(༡༦༤༠)ལོར་གུ་ཤྲི་ཧན་གྱིས་བར་ཁམས་སུ་དམག་དྲངས་ཏེ་གཙང་པ་རྒྱལ་པོའི་རྒྱབ་དཔུང་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་ཕམ་ཉེས་སུ་བཏང་ཞིང་། ལོ་འདིའི་མཇུག་ནས་ཕྱི་ལོའི་བོད་ཟླ་གསུམ་པའི་འགོ་བར་ཟླ་བ་ཁ་ཤས་རིང་གཙང་པ་རྒྱལ་པོའི་དཔུང་ལ་ཕར་རྒོལ་བྱས་མཐར་གཙང་པ་རྒྱལ་པོ་གཏོར་བ་དང་། དགའ་ལྡན་ཕོ་བྲང་གི་སྲིད་དབང་གསར་དུ་བཙུགས་པ་སོགས་ཞིབ་པར《ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རང་རྣམ་དུ་ཀུ་ལའི་གོས་བཟང》དེབ་དང་པོ་དང་། 《མདོ་སྨད་ཆོས་འབྱུང》ཤོག་གྲངས༣༠ནས་༣༦བར་གསལ། རྒྱལ་པོ་འདིའི་དུས་སུ་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་ཏུ་གྲགས་པ་གཏན་འབེབས་བྱས་ཤིང་། བོད་དབུས་གཙང་ཡོངས་ལ་རྒྱ་ཁྱབ་ཏུ་སྤྱོད་པའི་གཏན་ཚིགས་མཁར་རུ་ཟེར་བ་ཡང་རྒྱལ་པོ་འདིའི་དུས་སུ་གསར་གཏོད་བྱས་པ་ཡིན་ཞེས་ཤོད་སྲོལ་འདུག་། གོང་གསལ་རྣམས་ཀརྨ་བསྟན་སྐྱོང་དབང་པོའི་ཁྲིམས་ཡིག་རྒྱས་བསྡུས་དང་། གཙང་པ་རྒྱལ༌པོའི་གདུང་རབས་གཞིར་བཟུང་ནས་བྲིས།
- language:
- Tibetan
2. Thupten Phuntsok Dictionary
གཙང་པ་རྒྱལ་པོ་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱི་བུ་ཡིན། རབ་བྱུང་བཅུ་པའི་མེ་རྟ་ (༡༦༠༦) ལོར་གཙང་སྟོད་སེང་གེ་ལུང་མཆོད་རྟེན་རྒྱལ་པོ་སྐྱེས་ཞེས་བྱ་བར་འཁྲུངས། རང་ལོ་བཅུ་བཞི་པ་ལ་ཕ་ཕུན་ཚོགས་རྣམ་རྒྱལ་འདས་པའི་ལོ་དེ་ནས་རྒྱལ་སྲིད་བཟུང་།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱི་སྲས་སུ་སྐུ་འཁྲུངས། འཁྲུངས་ལོ་མི་གསལ། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་རྟ་ལོ་སྤྱི་ལོ1642ལོར་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་བཀྲོངས། ཁོང་དགུང་ལོ་ཆུང་ངུའི་དུས་སུ་རྣམ་དཔྱོད་ཆེ་བ་དང་ཆོས་སྲིད་གཉིས་ཀའི་ཕྱོགས་ལ་མཁྱེན་རྒྱ་ཆེ་བས་མངའ་རིས་པཎ་ཆེན་གྱི་སྐྱེ་བར་ངོས་བཟུང་ཐེ་ཚོམ་བྱེད་དགོས་པ་ཞིག་བྱུང་འདུག ཡབ་ཀརྨ་ཕུན་ཚོགས་རྣམ་རྒྱལ་སྐུ་གཤེགས་རྗེས་གཙང་པ་སྡེ་སྲིད་ཀྱི་དབང་ཆ་བཟུང་ནས་རྫོང་ཆེན་བཅུ་གསུམ་མ་གཏོགས་དེ་མིན་ས་བཙན་པོ་ཡོད་པའི་རྫོང་ཕྲན་ཆུང་བ་རྣམས་ཤུལ་མེད་བཟོས། ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གཏན་འབེབས་བྱས། རབ་བྱུང་བཅུ་གཅིག་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ1633ལོར་ཕྱག་མཛོད་བསོད་ནམས་རབ་བརྟན་དང་སོག་པོ་བློ་བཟང་བསྟན་འཛིན་གཉིས་ཀྱིས་སོག་པོའི་རྟ་དམག་གཙང་དུ་བཏང་བས་ཀརྨ་བསྟན་སྐྱོང་[11]དབང་པོ་ཕམ་ཉེས་ཚབས་ཆེན་བྱུང་བའི་སྐབས་དེར་པཎ་ཆེན་བློ་བཟང་ཆོས་རྒྱན། དགའ་ལྡན་གསེར་ཁྲི་དཀོན་མཆོག་ཆོས་འཕེལ། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་བཅས་ནས་གཙང་སོག་ཆིངས་འགྲིགས་གནང་ཡང་རྒྱལ་དབང་བཞི་པའི་ཡང་སྲིད་ཁྲི་འདོན་བྱ་རྒྱུ་ཀརྨ་བསྟན་སྐྱོང་དབང་པོས་ཁས་མ་བླངས། རབ་བྱུང་བཅུ་གཅིག་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ1639ལོར་གུ་ཤྲཱི་ཧན་གྱིས་གཙང་པའི་རྒྱབ་རོགས་ཁམས་བེ་རི་རྒྱལ་པོ་བཏུལ་ནས་རྒྱལ་ཁ་ཐོབ་པའི་མཚམས་དེར་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་རྒྱལ་དབང་ལྔ་པའི་དགོངས་པ་མ་བསྟུན་པར་ལྐོག་ནས་གུ་ཤྲཱི་ཧན་གྱི་མདུན་སར་ཕོ་ཉ་བཏང་སྟེ་གཙང་པ་ཚར་གཅོད་པའི་དཔུང་རོགས་ཞུས། དེ་ནས་གུ་ཤྲཱི་ཧན་གྱིས་དཔུང་ཆེན་བོད་དུ་ཁྲིད་ནས་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་རྟ་ལོ་སྤྱི་ལོ1642ལོར་གཙང་པ་སྡེ་སྲིད་རྩ་མེད་དུ་བཏང་ནས་བོད་ཁྲི་སྐོར་བཅུ་གསུམ་མམ་རྫོང་ཆེན་བཅུ་གསུམ་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ལ་ཕུལ་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་སོ། །
- language:
- Tibetan