Skip to main content Skip to search
karma pa sku phreng gnyis pa karma pak+Sh-i
ID:
T223021
  • ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྵྀ (Tibetan, Tibetan script, Original)
    • > karma pa sku phreng gnyis pa karma pak+Sh-i (Tibetan, Latin script, Transliteration-THL Extended Wylie Transliteration)
    • > karma pa ku treng nyipa karma paksh-i(?) (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་གསུམ་པའི་ཤིང་བྱི་སྤྱི་ལོ་༡༢༠༤ལོར་མདོ་ཁམས་འབྲི་ཀླུང་གི་རྒྱུད་དེ་ཁམས་སྡེ་དགེའི་དབོན་པོ་སྟོད་དུ་སྐུ་འཁྲུངས། མཚན་ཆོས་འཛིན་ཞེས་གསོལ། དགུང་ལོ་ལྔ་ནས་ཡི་གེ་ཀློག་འདོན་བསླབས། དགུང་ལོ་དགུ་ཙམ་ནས་སངས་རྒྱས་ཀྱི་གསུང་རབ་རྣམས་བཀླག་ཐུབ་པར་དང་དེའི་དོན་ཐུག་སུ་ཆུད་པ་བྱུང་། སེམས་ཀྱི་ངོ་བོ་ཡང་གང་འཚམས་རེ་ངོ་ཤེས་པར་བྱུང་། དགུང་ལོ་བཅུ་གཅིག་པར་རྒྱལ་སྲས་སྤོམ་བྲག་པར་བསྟེན་ནས་རབ་ཏུ་བྱུང་། མཚན་ཆོས་ཀྱི་བླ་མ་ཞེས་གསོལ། སེམས་ཁྲིད་ཞུས་པས་གནས་ལུགས་དོན་གྱི་ངོ་བོ་ཐོག་མེད་དུ་མཁྱེན། དགུང་ལོ་བཅུ་དགུ་པར་ཀཿཐོག་པ་བྱམས་པ་འབུམ་དང་། ལྕང་མང་ཕུ་པ་སོགས་ལས་བསྙེན་རྫོགས་ཞུས། ཀཾ་པོ་གནས་ནང་སོགས་མདོ་ཁམས་ཀྱི་སྒྲུབ་གནས་རྣམས་སུ་ལོ་བཅུ་ལ་སྒྲུབ་པ་ཉམས་ལེན་མཛད། འཇིག་བརྟེན་གྱི་ལྷ་འདྲེ་དུ་མས་ཞབས་ཏོག་བྱེད་པ་གཟིགས། དེ་ནས་ཁམས་སྨད་ཕྱོགས་དར་རྩེ་མདོ་དང་། མི་ཉག རྟའུ། འབའ་ལི་ཐང་། ལྗང་ཡུལ་སོགས་མདོ་ཁམས་སྒང་དྲུག་ཏུ་བྱོན་ནས་དགོན་པ་བཏབ་ཅིང་ཚོགས་པ་ལྔ་བརྒྱ་ཙམ་ལ་ཆོས་གསུངས། དུས་དེར་དཔལ་ལྡན་ལྷ་མོའི་ལུང་གིས་བསྐུལ་བ་ལྟར་དགུང་ལོ་ཞེ་ལྔ་པའི་ས་སྤྲེལ་ལོར་དབུས་ཕྱོགས་སུ་ཕེབས། མཚུར་ཕུ་དགོན་གླིང་དང་། བེ་རིས་ཉམས་པ་བྱས་པ་རྣམས་ཉམས་གསོ་བྱས་ཞིང་གདན་ས་བསྐྱངས་ནས་ལོ་དྲུག་བཞུགས། དགུང་ལོ་ང་གཉིས་པའི་ཤིང་ཡོས་ལོར་སོག་རྒྱལ་སེ་ཆེན་ཧན་གྱིས་གདན་ཞུས་ལྟར་ཧོར་ཡུལ་དུ་ཕེབས། སོག་རྒྱལ་གྱི་ཕྲག་དོག་གི་བཀའ་ཆད་ལ་གྲུབ་རྟགས་རིམ་པ་གསུམ་བསྟན་དེ་བཀའ་འོག་ཏུ་བཅུག བླ་མ་པཀྵྀ་ཞེས་པའི་མཚན་གྱིས་གཟེངས་སུ་བསྟོད་ཅིང་གོང་དུ་བཀུར། རྒྱ་ཧོར་མི་ཉག་ཡུ་གུར་སོགས་ཀྱི་སྐྱེ་བོ་མང་པོ་ཆོས་ལ་བཀོད། དགོན་སྡེ་དང་། མཆོད་རྟེན་དུ་མ་བཞེངས། དགུང་ལོ་དྲུག་ཅུ་པའི་ཆུ་ཕག་ལོར་ཧོར་ཡུལ་ནས་གཎྜི་ར་གསེར་གྱི་བྱ་འདབ་དང་བཅས་པ་རྫུ་འཕྲུལ་གྱིས་དྲངས་ནས་སྟོད་ལུང་མཚུར་ཕུ་རུ་བྱོན། ཉེ་གནས་ལྡན་མ་སྒམ་ཚུལ་གྱིས་གྲོགས་བྱས་ཏེ་མཚུར་ཕུའི་ལྷ་ཁང་ཆེན་མོ་བཞེངས། དེ་ནས་དགུང་ལོ་བརྒྱད་ཅུ་པའི་ཆུ་ལུག་ལོའི་བར་ལོ་ངོ་ཉེར་གཅིག་ཙམ་མཚུར་ཕུའི་གདན་ས་བསྐྱངས་ནས་བཞུགས། རབ་བྱུང་ལྔ་པའི་ཆུ་ལུག་སྤྱི་ལོ་༡༢༨༣ལོར་རྗེ་ཉིད་ཀྱི་ཞལ་སློབ་གྲུབ་ཆེན་ཨོ་རྒྱན་པ་ལ་སྐུ་གསུམ་ངོ་སྤྲོད་ཀྱི་ཕྱག་དཔེ་དང་། ཞྭ་ནག་བཅས་གཏད་ཅིང་མཚུར་ཕུའི་གདན་ས་སྐྱོང་དགོས་པ་དང་། སྤྲུལ་པའི་སྐུ་མྱུར་དུ་འབྱོན་པ་ལ་མགོ་འདོན་བྱེད་དགོས་ཚུལ་བཅས་ཀྱི་ལུང་བསྟན་ནས་སྐུ་གཤེགས་སོ། །

language:
Tibetan