- karma pa sku phreng dang po dus gsum mkhyen pa
- ID:
- T223022
- ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ (Tibetan, Tibetan script, Original)
- > karma pa sku phreng dang po dus gsum mkhyen pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > karma pa ku treng dangpo dü sum khyenpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རབ་བྱུང་གཉིས་པའི་ལྕགས་སྟག་སྤྱི་ལོ་༡༡༡༠ལོར་མདོ་ཁམས་ཀྲེ་ཤོད་གངས་ཀྱི་ར་བ་ཞེས་པ་དཀར་མཛེས་ར་སྟག་གྲོང་དུ་ཡབ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་སྒོམ་པ་རྡོ་རྗེ་མགོན་པོ་དང་། ཡུམ་ལྷ་ཐོག་བཟའ་སྒང་ལྕམ་མིང་འདྲེན་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་སུ་ཡབ་ཀྱི་མདུན་ནས་རང་བྱུང་རྒྱལ་མོའི་སྲོག་སྙིང་ཞུས་ཏེ་བསྒྲུབས་པས་གྲུབ་པ་བརྙེས། དགུང་ལོ་བཅུ་དྲུག་པ་ལ་རབ་ཏུ་བྱུང་། མཚན་ཆོས་ཀྱི་གྲགས་པ་གསོལ། དགུང་ལོ་ཉི་ཤུ་པར་དབུས་སུ་བྱོན་ནས་སྟོད་ལུང་གི་རྒྱ་དམར་བ་དང་། ཕྱ་པ་ཆོས་ཀྱི་སེང་གེ་རྣམ་གཉིས་ལས་དབུ་ཚད་བསླབས། མལ་འདུ་བ་འཛིན་པ་ལས་རབ་བྱུང་བསྙེན་རྫོགས་ཞུས། ཤ་ར་བ་དང། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། དཔལ་ཆེན་རྒ་ལོ། བླ་མ་ཨ་སེང་སོགས་ལས་བཀའ་གདམས་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་གཞུང་ཐམས་ཅད་བསླབས་པས་མཁས་པའི་མཚན་སྙན་རྒྱས། དགུང་ལོ་སུམ་ཅུ་པར་རྗེ་དྭགས་པོ་རིན་པོ་ཆེ་དང་མཇལ་ཏེ་གདམས་པ་རྣམས་ཞུས། སྒོམ་པོ་ལ་སོགས་གནས་ངེས་མེད་ལོ་མང་དུ་སྒོམ་པས་རྟོག་པ་བརྙེས། དུས་དེར་རྗེ་དྭགས་པོ་རིན་པོ་ཆེས་གྲུབ་ཐོབ་ཁམས་པ་མི་གསུམ་ཞེས་པ་སློབ་མ་མཚན་སྙན་ཆེ་བ་གསུམ་བྱུང་བར་ཀརྨ་པ་དུས་གསུམ་མཁྱེན་པ་དང་། བདེ་བཤེགས་ཕག་མོ་གྲུ་པ། གསལ་སྟོང་ཤྭོ་སྒམ་དང་གསུམ་ཡིན། དྭགས་པོ་རིན་པོ་ཆེས་རྟེན་འབྲེལ་བརྟག་པའི་ཕྱིར་དུ་སློབ་མ་གསུམ་ལ་རང་རང་གི་མོས་པ་ལྟར་ཞྭ་རེ་བཟོས་ནས་ཁྱེར་ཤོག་གསུངས་པ་ལྟར། ཀརྨ་པས་ཕྱིང་ཞྭ་ནག་པོ་པད་ཞྭའི་དབྱིབས་ཅན་འདི་བཟོས་ནས་གནབས། དེ་ནས་བཟུང་བླ་མ་ཞྭ་ནག་པ་ཞེས་གྲགས། རྗེས་སུ་ཞྭ་ནག་དེ་ཉིད་མཁའ་འགྲོ་འབུམ་གྱི་དབུ་སྐྲས་བཟོས་པར་བཤད། དགུང་ལོ་ཞེ་གཉིས་པར་མཚུར་ཕུ་གྲ་མ་གྲུ་བཞིར་ཚོགས་པ་བསྐྱངས་ནས་བཞུགས་པའི་ཚེ་རྗེ་དྭགས་པོ་རིན་པོ་ཆེས་གཞན་ལ་མ་གནང་བའི་བསྐྱེད་རིམ་ལྷན་ཅིག་སྐྱེས་མ་དང་། རྫོགས་རིམ་རླུང་སེམས་དབྱེར་མེད་གཉིས་གནང་ནས། བུ་ཁྱོད་སྒྲུབ་པ་ཁམས་ཀྱི་ཀཾ་པོ་གངས་ར་ལ་ཕྱིན་ན། འགྲོ་དོན་དབུས་གཙང་ཁམས་གསུམ་དུ་ཁྱབ་པར་འོང་ཞེས། ལུང་བསྟན་པ་ལྟར། དགུང་ལོ་ང་ལྔ་པར་ཁམས་ཀྱི་ཀཾ་པོ་གངས་རར་ཕེབས་ནས་ཀཾ་པོ་གནས་ནང་བཏབ། ཁམས་ཕྱོགས་སུ་ལོ་ངོ་ཉི་ཤུ་ཙམ་སྒྲུབ་པ་དང་འགྲོ་དོན་མཛད། དགུང་ལོ་དོན་བཞི་པར་ཁམས་འབྲི་ཀླུང་གི་ཕྱོགས་སུ་ཕེབས། གླིང་གི་སྒར་མལ་དུ་ཕེབས་ནས་གདན་ས་བར་པ་བཏབ། ཞང་རིན་པོ་ཆེས་དེ་བཞིན་གཤེགས་པ་སེང་གེའི་རྣམ་རོལ་ཡིན་པ་གསུངས་པས་དེ་ནས་མ་འོངས་སངས་རྒྱས་དྲུག་པ་སེང་གེའི་རྣམ་རོལ་ཞེས་པའི་འབོད་སྲོལ་དེ་བྱུང་། དགུང་ལོ་བརྒྱད་ཅུ་པར་མཚུར་ཕུར་ཕེབས་དེ་མཆོད་ཁང་གོང་མ་བཞེངས། དེར་གདན་ས་བསྐྱངས་ནས་བཞུགས། རབ་བྱུང་གསུམ་པའི་ཆུ་གླང་སྤྱི་ལོ་༡༡༩༣ལོར་དགུང་ལོ་བརྒྱད་ཅུ་གྱ་བཞི་བཞེས་པར། མ་འོངས་པ་དགོན་པའི་ཡོན་བདག་རྒྱལ་པོས་བྱེད་པ་དང་། དེ་འཁོར་དང་བཅས་པ་ལ་ངས་ཕན་འདོག་པར་འོང་། ཞེས་སླར་ཡང་སྤྲུལ་སྐུ་འབྱུང་བར་ལུང་བསྟན་ནས་སྐུ་གཤེགས་སོ། །
- language:
- Tibetan