Skip to main content Skip to search
karma pa sku phreng drug pa mthong ba don ldan
ID:
T223023
  • ཀརྨ་པ་སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན (Tibetan, Tibetan script, Original)
    • > karma pa sku phreng drug pa mthong ba don ldan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > karma pa ku treng drukpa tongwa dönden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

བར་ཁམས་ཀྱི་ཁུལ་ངོམ་སྟོད་བཤེས་སྐྱམ་ཞེས་པའི་ས་གནས་སུ་རབ་བྱུང་བདུན་པའི་མེ་སྤྲེལ (༡༤༡༦) ལོར་ཡབ་གོ་འཇོ་བསམ་འགྲུབ་རྡོ་རྗེ་དང་། ཡུམ་ལྡོང་བཟའ་པདྨ་མཚོ་གཉིས་ཀྱི་སྲས་སུ་རྗེ་གོང་མའི་ཞལ་ཆེམས་ལྟར་མདོ་ཁམས་ཆབ་མདོ་ཀརྨའི་ཉེ་ལོགས་སུ་སྐུ་འཁྲུངས། འཁྲུངས་དུས་སུ་ལྟས་བཟང་པོ་མང་པོ་བྱུང་བ་དང་། ངོམ་པ་བྱ་བྲལ་ལ་ཡང་ཡུལ་དེར་སྤྲུལ་པའི་སྐུ་འཁྲུངས་པའི་རྨི་ལྟས་སོགས་བྱུང་སྟབས་འཁྲུངས་ནས་ཟླ་བ་གཅིག་ལོན་པ་དང་བྱིས་པ་དེར་ལྟ་བར་ཕེབས། དགུང་ལོ་གསུམ་མ་ལོན་ཙམ་ན་ཡུལ་མི་ཞལ་མཇལ་བ་རྣམས་ལ་བཀའ་ཆོས་གསུངས་པ་དང་། ཀརྨ་དགོན་དུ་དུས་མཁྱེན་ཀྱི་སྐུ་ངོས་གཟུང་བ་སོགས་ངོ་མཚར་བའི་མངོན་མཁྱེན་གྱི་རྟགས་མང་དུ་གསུངས། བླ་མ་གཅོད་པས་ཀརྨ་པའི་ཡང་སྲིད་ཡིན་པ་དྲིལ་བསྒྲགས། དགུང་ལོ་བརྒྱད་པར་ཀོང་པོ་དུ་ཕེབས་ནས་ཞྭ་དམར་ཆོས་དཔལ་ཡེ་ཤེས་དང་མཇལ་ཞིང་ཆོས་སྐྱོང་སྐོར་རྣམས་ཞུས། གནས་བརྟན་ཆེན་པོ་བསོད་ནམས་བཟང་པོ་ལས་རབ་ཏུ་བྱུང་། མཚན་ཆོས་གྲགས་དཔལ་བཟང་ཞེས་གསོལ། རྗེ་བཙུན་བློ་གྲོས་རིན་ཆེན་ནམ་ཆོས་རྗེ་རཏྣ་བྷ་དྲ་ལས་དོན་བརྒྱུད་ཀྱི་མན་ངག་མཐའ་དག་གསན། རབ་བྱུང་བརྒྱད་པའི་ཆུ་བྱ་སྤྱི་ལོ་༡༤༥༣ལོར་དགུང་ལོ་སོ་བརྒྱད་པ་དབུ་ཞྭ་དང་། བསྲེ་འཕོའི་ཞལ་གདམས་ཀྱི་ཕྱག་དཔེ། ལུང་བསྟན་བཀའ་རྒྱ་ཅན་བཅས་གོ་ཤྲི་དཔལ་འབྱོར་དོན་གྲུབ་ལ་གཏད་ནས། ངེད་མ་སླེབས་ཀྱི་བར་དུ་རྟེན་འདི་རྣམས་རྒྱ་མ་ཉམས་པར་གྱིས་ཞེས་གསུངས་ནས་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར་ཏེ་ཞིང་བརྗེས།

language:
Tibetan