Skip to main content Skip to search
karma dpal ldan mkhyen brtse'i 'od zer
ID:
T223028
  • ཀརྨ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར (Tibetan, Tibetan script, Original)
    • > karma dpal ldan mkhyen brtse'i 'od zer (Tibetan, Latin script, Transliteration-THL Extended Wylie Transliteration)
    • > karma palden khyentsé özer (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ལོ་ཁྲུམས་སྟོད་ཟླ་བའི་ཚེས་༢༧ཉིན་སྤྱི་ལོ་༡༩༠༤ལོར་སྐུ་གོང་མའི་ཞལ་ཆེམས་ལྟར་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་དང་། ཡུམ་བདེ་སྐྱོང་དབང་མོ་གཉིས་ཀྱི་སྲས་སུ་སྟོད་ལུང་མཚུར་ཕུར་སྐུ་འཁྲུངས། དགུང་ལོ་དྲུག་པར་ཡབ་ཀྱིས་གཙུག་ཕུད་བཞེས་ནས་མཚན་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ཞེས་གསོལ། དགུང་ལོ་བདུན་པར་ཡི་གེ་འབྲི་ཀློག་བསླབས། དེ་ནས་དགུང་ལོ་བཅུ་གཉིས་པའི་ཤིང་ཡོས་ལོའི་བར་ལོ་ངོ་དྲུག་གི་རིང་ལ་རྒྱལ་བ་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་དྲུང་ནས་བཀའ་བརྒྱུད་གསེར་ཕྲེང་གི་བླ་མ་རྣམས་ཀྱི་གསུང་འབུམ་དེང་སང་རྒྱུན་གང་བཞུགས་ཀྱི་ལུང་དང་། བཀའ་བརྒྱུད་སྔགས་མཇོད། ཞེས་བྱ་ཀུན་ཁྱབ། ཀོང་སྤྲུལ་གོང་མའི་བཀའ་འབུམ། རིན་ཆེན་གཏེར་མཛོད། མཁའ་ཁྱབ་རྡོ་རྗེའི་བཀའ་འབུམ་སོགས་ཀྱི་དབང་ལུང་ཆ་ཚང་ཞུས། ཤིང་ཡོས་ས་ག་ཟླ་བའི་ཚེས་བཅུ་གསུམ་ཉིན་གདན་ས་ཆེན་པོ་འོག་མིན་མཚུར་ཕུའི་གཙུག་ལག་ཁང་དུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་མངའ་གསོལ། དེ་ནས་ལྷ་ལྡན་པོ་ཏ་ལར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་མདུན་མཇལ་ཕྱག་དང་གཙུག་ཕུད་ཕུལ། ཐམ་ཀ་གྲུ་བཞི་དང་གཟེངས་བསྟོད་ཀྱི་ཕྱག་བྲིས་བཅས་གནང་། དེ་ནས་ཁམས་སུ་ཕེབས་གྲབ་དང་ལོ་གསུམ་གྱི་རྗེས་སུ་སླར་དབུས་སུ་ཞལ་མཇལ་དུ་ཕེབས་དགོས་པའི་བཀའ་ཕེབས་གནང་། ཟླ་བ་ལྔ་པའི་ཚེས་ཉེར་བདུན་ཉིན་ཡབ་སྲས་ཞལ་རྒྱས་ཀྱི་ཐ་མ་ལ། རྒྱལ་བའི་དབང་པོ་ཀརྨ་པས་ཕྱག་གིས་བཀའ་བསྒོ་དང་དབུ་ཐོད་གནང་ཞིང་། ཆེ་འདིར་ཡབ་སྲས་ལན་གཅིག་མཇལ་འཕྲད་ཀྱི་སྨོན་ལམ་བཅས་གནང་། དེ་ནས་ཁམས་སུ་ཕེབས་པར་ལོ་དེའི་ཟླ་བ་བཅུ་གཅིག་པའི་ཚེས་འགོར་གདན་ས་ཆེན་པོ་ཤར་དཔལ་སྤུངས་དགོན་དུ་ཕྱག་ཕེབས། གཙུག་ལག་ཁནང་གི་ཁྲི་དམར་དུ་བྱམས་མགོན་སི་ཏུ་རིན་པོ་ཆེ་དང་ལྷན་དུ་བཞུགས། མེ་འབྲུག་ཟླ་བ་དྲུག་པའི་དཔལ་སྤུངས་གཙུག་ལག་ཁང་དུ་ཁྲི་སྟོན་མཛད། དེ་ནས་བཟུང་སི་ཏུ་པདྨ་དབང་མཆོག་དང་། མཁས་དབང་གྲོང་ཉིས་ཚེ་དབང་། གནས་གསར་བཀྲ་འཕེལ། གསེར་ཁ་ཆོས་གྲགས། མཚུར་ཕུ་རྒྱལ་ཚབ། ཞེ་ཆེན་ཀོང་སྤྲུལ་སོགས་གྱི་མདུན་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་མང་པོ་ལ་གསན་བསམ་གནང་། ཁྱད་པར་དུ་བེ་རུ་མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས་རྒྱལ་བ་བཀའ་བརྒྱུད་པའི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད་གསུམ་ཆ་ཚང་ཞུས། དགུང་ལོ་ཉི་ཤུ་པའི་ཆུ་ཕག་ལོར་ཡབ་རྗེ་རྒྱལ་བའི་དབང་པོ་ཀརྨ་པ་སྐུ་གཤེགས་པའི་དགོངས་རྫོགས་སྐུ་ཆས་རྣམས་སྤང་དག་གིས་ཡར་མཆོད་མར་སྦྱིན་དང་། རྟེན་གསུམ་གསར་བཞེངས་སོགས་གནང་བའི་གྲས་སུ། རབ་བྱུང་བཅོ་ལྔ་པའི་མེ་སྟག་སྤྱི་ལོ་༡༩༢༦ལོར་དཔལ་སྤུངས་ཡང་ཁྲོད་དུ་ཀར་རབ་ལྷ་ཁང་རྟེན་བརྟེན་པ་དང་བཅས་པ་གསར་བཞེངས་གནང་བ་དང་། རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲུལ་སྤྱི་ལོ་༡༩༤༡ལོར་ཡང་ཁྲོད་སྒྲུབ་ཁང་ཞིག་གསོས་དང་རྒྱ་བསྐྱེད་གནང་ཞིང་། སྔོན་སྒྲུབ་བླ་བཅུ་རེ་ཡོད་པའི་ཐོག་ཏུ་སྒྲུབ་བླ་བཅོ་ལྔ་རེ་གསར་སྣོད་མཛད་དེ་སྒྲུབ་པ་ཉེར་ལྔ་རེ་འཕར་སྣོད་མཛད་སོགས་འཁོར་ལོ་གསུམ་གྱིས་དུས་འདའ་བར་མཛད་ནས་མཐར་དགུང་གྲངས་ལྔ་བཅུ་པའི་ཆུ་སྦྲུལ་སྤྱི་ལོ་༡༩༥༣ལོར་ཁྲ་ལེབ་རི་ཁྲོད་དུ་སྐུ་གཤེགས།

language:
Tibetan