- kun dga' legs pa'i blo gros
- ID:
- T223126
- ཀུན་དགའ་ལེགས་པའི་བློ་གྲོས (Tibetan, Tibetan script, Original)
- > kun dga' legs pa'i blo gros (Tibetan, Latin script, Transliteration-THL Extended Wylie Transliteration)
- > kün ga lekpé lodrö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བོད་རབ་བྱུང་བརྒྱད་པའི་མེ་མོ་བྱ་ཡི་ལོ་སྟེ་སྤྱི་ལོ་༡༤༧༧ལོར་དཔལ་ལྡན་ས་སྐྱ་ཞེས་འཇིག་རྟེན་ན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་ཀྱི་བྱ་འདབས་ལས་ཧ་ཅང་མི་རིང་བའི་དཔལ་ལུང་དགོན་པ་ཞེས་བྱ་བར་ཡབ་གྲུབ་པའི་དབང་ཕྱུག་བློ་གྲོས་རྒྱ་མཚོ་དང་། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཔོན་མོ་ཧོར་མོ་དཔལ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས་ཤིང་མཚན་ཆོས་སྐྱོང་སྐྱབས་ཞེས་གསོལ། དགུང་ལོ་བཅུ་པར་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་མཁན་པོ་དང་། སློབ་དཔོན་བསྟན་པ་དར་བས་སློབ་དཔོན་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་དཔལ་ལྡན་ས་སྐྱའི་གཞི་ཐོག་བླ་བྲང་དུ་རབ་ཏུ་བྱུང་ཞིང་། མཚན་ཀུན་དགའ་ལེགས་པའི་བློ་གྲོས་གསོལ། དགུང་ལོ་བཅུ་གསུམ་པ་ནས་བདག་ཉིད་རྡོ་རྗེ་འཆང་གི་རྗེས་སུ་འབྲངས་ནས་ལོ་གསུམ་གྱི་བར་དུ་འཇད་ཀྱི་མེ་ལོང་དགོན་པ་དང་། ཤངས་ལ་སོགས་ཀྱི་ཆོས་གཞི་རྣམས་སུ་བྱོན་ནས་ཚད་མ་བསྡུས་པ་དང་། ཕར་ཕྱིན། སྡོམ་གསུམ། འདུལ་བ་སོགས་ལ་གསན་བསམ་མཛད། གཞན་ཡང་སྔ་གཞུག་རྣམས་སུ་མཁས་པའི་དབང་པོ་དཀོན་མཆོག་ཚུལ་ཁྲིམས། རྣལ་འབྱོལ་གྱི་དབང་ཕྱུག་བྱ་འགྱུར་བ་བསོད་ནམས་སེང་གེ ཀུན་མཁྱེན་ནམ་མཁའ་ཆོས་སྐྱོང་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་དགེ་བའི་བཤེས་གཉེན་ཉི་ཤུ་རྩ་ལྔ་བསྟེན་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་རབ་འབྱམས་ལ་གསན་བསམ་མཐར་ཕྱིན་མཛད། དགུང་ལོ་སོ་བཞི་པར་བོད་ཡུལ་གྲུབ་རིགས་བྱེ་བའི་གཙུག་རྒྱན་ངེས་དོན་བསྟན་པའི་བདག་པོ་ཀུན་སྤངས་ཀུན་ཏུ་བཟང་པོའི་ཞབས་སྟེགས་ཀྱི་སེང་གེའི་ཁྲི་ལ་ཞབས་ཀྱི་པད་མོ་ཉེ་བར་བཀོད་དེ། ལོ་བཅུ་གཉིས་ཀྱི་བར་དུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རི་ཁྲོད་ཆེན་པོ་དེ་ཉིད་ཀྱི་གདན་ས་བསྐྱངས་ཤིང་། འཁོར་སྐལ་ལྡན་འདུས་པ་རྒྱ་མཚོ་ལྟ་བུ་ལ་རྒྱུད་སྡེ་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུང་བའི་གསང་ཆེན་བླ་ན་མེད་པའི་ཉེ་ལམ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་སློབ་བཤད་ཀྱི་ཁྲིད། ལུང་། མན་ངག རྒྱུད་སྡེ་རབ་འབྱམས་ཀྱི་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར། བསྟན་པ་དང་སེམས་ཅན་ཀུན་གྱི་དོན་མཛད་པའི་མཁས་གྲུབ་དམ་པ་དུ་མ་ཞིག་སྐྱོང་བ་མཛད་དེ། ཚར་ཆེན་བློ་གསལ་རྒྱ་མཚོ། མཁན་རིན་པོ་ཆེ་སངས་རྒྱས་སེང་གེ མཁན་ཆེན་ནམ་མཁའ་བཟང་པོ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་ཚོགས་ནམ་མཁའི་སྐར་ཕྲན་ཙམ་བྱུང་ནས་རྒྱལ་བའི་བསྟན་པ་ནམ་ལངས་ཀྱི་ཉི་ཤར་ལྟར་གསལ་བར་མཛད་དོ། །གསུང་རྩོམ་ལ་བདག་ཆེན་རྡོ་རྗེ་འཆང་གསོལ་འདེབས། རྗེ་བཙུན་རྡོ་རིང་པ་ཆེན་པོའི་བསྟོད་པ། མགོན་པོ་ལྷ་ཆེན་དཔལ་འབར་བཀའ་གཏེར་རྣམས་ཀྱི་བརྒྱུད་འདེབས། གསུང་ངག་རིན་པོ་ཆེའི་ཟིན་བྲིས་གཉིས། དུད་སོལ་མའི་རྗེས་གནང་གི་ཟིན་བྲིས། སྦྱོར་དྲུག་གི་སྔོན་འགྲོའི་ངག་འདོན་བདེ་བླག་ཏུ་རྟོགས་བྱེད་ནོར་བུའི་ཕྲེང་བ། གསན་ཡིག་རིན་ཆེན་བང་མཛོད། སློབ་མ་སོ་སོ་ལ་གནང་བའི་ཞལ་གདམས་སོགས་རྗེས་འཇུག་གདུལ་བྱའི་གསོས་སུ་བཞག་ཅིང་། མཐར་དགུང་གྲངས་དྲུག་ཅུ་རྩ་བརྒྱད་པ་བོད་རབ་བྱུང་དགུ་པའི་མེ་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ་༡༥༤༤ལོར་རྒྱུད་སྡེ་ནས་བཤད་པའི་འདའ་ཁ་མས་མཚམས་སྦྱོར་ཏེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་འགོག་པའི་བདེན་པའི་རྣམ་པར་གྲོལ་བའི་ཡེ་ཤེས་མངོན་དུ་མཛད་པ་ཡིན་ནོ། །
- language:
- Tibetan