Skip to main content Skip to search
klu lding mkhan chen 'jam dbyangs chos kyi rgyal mtshan
ID:
T223352
  • ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན (Tibetan, Tibetan script, Original)
    • > klu lding mkhan chen 'jam dbyangs chos kyi rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lu ding khenchen jamyang chö kyi gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དོན་དྲུག་པ་ཡིན། ཡབ་འོད་གསལ་རླངས་རིགས་ཤར་ཆེན་ཀླུ་ལྡིང་རིན་ཆེན་དབང་རྒྱལ་དང་། ཡུམ་དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་སྐྱབས་མགོན་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཐེག་ཆེན་དཔལ་འབར་གྱི་གཅེན་མོ་འཆི་མེད་ཕྲིན་ལས་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་མེ་མོ་ལུག་གི་ལོ་ཟླ༥ཚེས༤དང་། སྤྱི་ལོ་༡༩༤༧ཟླ༦ཚེས༡༢ལ་ངོ་མཚར་བའི་ལྟས་དང་བཅས་པས་སྐུ་འཁྲུངས། དཔལ་ས་སྐྱའི་ཁྲི་ཆེན་རྡོ་རྗེ་འཆང་མདུན་དུ་གཙུག་ཕུད་ཕུལ་ཐོག་མར་ཡི་གེ་འབྲི་ཀློག་སོགས་བསླབ། དགུང་ལོ་བཅུ་ཡི་སྟེང་ནས་ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མའི་མདུན་ནས་ངོར་དགོན་གྱི་ཆོ་ག་ཕྱག་ལེན་སོགས་ལ་ཐུགས་འཛིན་གནང་། དགུང་ལོ་བཅོ་ལྔའི་སྟེང་ནས་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཁན་པོ་དང་། སྡེ་གཞུང་ཆོས་སྤྲུལ་རིན་པོ་ཆེ་ལས་སློབ་དང་། སྐྱབས་མགོན་ཁྲ་རིག་རིན་པོ་ཆེ་དུས་སྒོ་བ། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། སྡེ་གཞུང་ཆོས་སྤྲུལ་རིན་པོ་ཆེ་མདུན་ནས་ས་སྐྱ་བཀའ་འབུམ། ཞུ་ཆེན་བཀའ་འབུམ། མགོན་པོ་ཕྱི་ནང་གི་གསང་ཁྲིད་ཞུས། སྐྱབས་མགོན་ཁྲི་ཆེན་རྡོ་རྗེ་འཆང་མདུན་ནས་ལམ་འབྲས་ཚོགས་བཤད་དང་། སློབ་བཤད་ཀྱི་དབང་ལུང་ཁྲིད་མན་ངག་དང་བཅས་པ་དང་། རྒྱུད་སྡེ་ཀུན་བཏུས་ཀྱི་དབང་ལུང་ཁྲིད་དང་། སྒྲུབ་ཐབས་ཀུན་བཏུས་པོད་བཅུ་བཞི་དབང་ཁྲིད་ལུང་དང་། གཞན་ཡང་སྙན་རྒྱུད་སྐོར་སོགས་མང་པོ་གསན། བཅོ་བརྒྱད་ཁྲི་རིན་པོ་ཆེ་མདུན་ནས་རྒྱུད་རྡོ་རྗེ་ཕྲེང་བ་དང་། རྒྱུད་སྡེ་ཁག་གི་དབང་ལུང་མང་པོ་གསན། ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མདུན་ནས་ལམ་འབྲས་ཚོགས་སློབ་གཉིས་གཙོས་ཟབ་ཆོས་ཡོད་དོ་ཅོག་བུམ་པ་གང་བྱོས་ཚུལ་དུ་གསན། གནས་མཆོག་རྡོ་རྗེ་གདན་ནས་ཁོང་གི་ཁུ་བོ་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་དང་། ལས་སློབ་མཁན་པོ་ཀུན་དགའ་དབང་ཕྱུག་དང་། གསང་སྟོན་པ་ལུང་རིག་སེང་གེ་དང་། དུས་གོ་བ་ཆོས་ཕུན་ཚོགས་སོགས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭ་ཆེན་མོ་ནས་མཁན་པོ་ཨ་པད་རིན་པོ་ཆེ་དང་མཁན་པོ་མིག་དམར་གྱི་མདུན་ནས་སློབ་གྲྭའི་སྒྲིག་གཞི་ལྟར་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། དཔལ་ས་སྐྱའི་༧ཁྲི་ཆེན་རྡོ་རྗེ་འཆང་གིས་བཀའ་བཅུ་པའི་ལག་ཁྱེར་སྩལ། ཀྱེ་རྡོ་རྗེ་སོགས་ལྷག་ལྷ་རབ་འབྱམས་པའི་བསྙེན་སྒྲུབ་བྱས། སྤྱི་ལོ་༡༩༩༣ལོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་ལྷན་དུ་མདོ་ཁམས་སོགས་སུ་ཕེབས་ནས་ཆོས་སྦྱིན་དཔག་མེད་གནང། སྤྱི་ལོ་༢༠༠༠ལོ་བོད་ལྕགས་འབྲུག་ཟླ༢ཚེས༡༢ཉིན་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དུས་ཆེན་ལ་ངོར་ཆེན་རྡོ་རྗེ་འཆང་གི་རྒྱལ་ཚབ་ཏུ་ཁྲི་སྟོན་མངའ་གསོལ་བྱས། དེ་ནས་བཟུང་ས་སྐྱ་ངོར་ལུགས་ཀྱི་དགོན་སྡེ་ཁག་གི་བསྟན་པའི་བདག་པོ་གཅིག་པུ་ཡིན། ངོར་ཆེན་རྡོ་རྗེ་འཆང་གི་ལུགས་སྲོལ་ལྟར་གཙུག་ཏོར་རྣམ་རྒྱལ་མའི་རྗེས་གནང་ནས་བཟུང་ཕ་ཆོས་ལམ་འབྲས་ཚོགས་སློབ་གཙོས་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་སྦྱིན་རྒྱལ་ཕྱི་ནང་གི་རང་ལུགས་ཆོས་སྡེ་ཁག་ལ་སྤེལ་ནས་ད་ལྟ་འཚོ་བཞིན་བཞུགས་པ་ལགས།

language:
Tibetan