- klu lding mkhan chen 'jam dbyangs lung rtogs rgyal mtshan
- ID:
- T223354
- ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་ལུང་རྟོགས་རྒྱལ་མཚན (Tibetan, Tibetan script, Original)
- > klu lding mkhan chen 'jam dbyangs lung rtogs rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > lu ding khenchen jamyang lungtok gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དོན་གཉིས་པ་ཡིན། ཤར་ཆེན་ཀླུ་ལྡིང་མགོན་པོ་དང་། ཡུམ་བོ་དོང་དཔལ་ཡོན་སྲས་མོ་བསོད་ནམས་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་༡༥པའི་མེ་ཕོ་སྤྲེའུ་ལོར་སྐུ་བལྟམས་ཤིང་མཚན་ཕྲིན་ལས་རྒྱལ་པོ་ཞེས་སུ་གསོལ། དགུང་གྲངས་བཞི་ལྔ་ཙམ་ལ་སོན་སྐབས་ཡབ་དང་། དེ་རྗེས་ཡུམ་བཅས་གཤེགས་པར་སྐུ་ཡི་གཅེན་པོ་གཅེན་མོ་སོགས་ཀྱིས་འཚོ་སྐྱོང་མཛད། ངོར་མཁན་ཆེན་ངག་དབང་མཁྱེན་རབ་འཇམ་དཔལ་སྙིང་པོའི་མདུན་ནས་ལམ་འབྲས་དང་དགེ་ཚུལ་གྱི་སྡོམ་པ་གསན། མཁན་ཆེན་མཆོག་ནས་ཕུན་ཚོགས་བསྟན་པའི་རྒྱལ་མཚན་ཞེས་པའི་མཚན་གསོལ། མདོ་ཁམས་ཕྱོགས་སུ་ཕེབས། ཨ་འཕྲོ་དར་རྒྱས་དགོན་དུ་སྐུ་བཞུགས་གནང་ནས་དགོན་དེར་རྒན་སངས་རྒྱས་བཟང་པོ་ཡོངས་འཛིན་དུ་བསྟེན་ཏེ་ཆོ་ག་ཕྱག་ལེན་སྐོར་དང་། གཞུང་རིག་གནས་སོགས་གང་འཚམས་གསན་སྦྱོངས་མཛད། ཁྲོམ་རྡོ་ཁོ་དགོན་པའི་མཁས་ཆེན་བློ་གྲོས་ཕུན་ཚོགས་སམ། ཡོངས་གྲགས་ཀྱི་མཚན་ལ་འདུས་པ་ཞུ་བ་དང་། སྒ་སྟོད་ཁྲི་འདུ་གདོང་སྤྲས་དགོན་པའི་དགེ་བའི་བཤེས་གཉེན་ཆེན་པོ་བློ་གྲོས་བསྟན་འཛིན་སོགས་ཡོངས་འཛིན་མང་པོའི་མདུན་ནས་མདོ་སྔགས་གཞུང་ལུགས་རིག་གནས་དང་བཅས་པ་གསན་བསམ་རྒྱ་མཚོ་ལྟ་བུ་མཛད། ཁོང་ནི་འཇམ་དབྱངས་བློ་གཏེར་དབང་པོ་དང་། གདོང་སྤྲས་དགོན་པའི་འཇམ་དབྱངས་ཆོས་གྲགས་གཉིས་ཀའི་སློབ་མ་ཡིན། ཤིང་གླང་ལོ་དགུང་གྲངས་སུམ་ཅུའི་དུས་ཆིབས་ཀྱི་ཁ་ལོ་དབུས་ཕྱོགས་སུ་བསྒྱུར་ཏེ་ངོར་དགོན་དུ་ཕེབས། ངོར་པའི་ཁྲི་འཛིན་ཀླུ་ལྡིངས་རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོའི་མདུན་ནས་ལམ་འབྲས་ཚོགས་བཤད་དུ་གྲགས་པ་མཁན་ཆེན་ངག་དབང་ཆོས་གྲགས་དང་། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་བསྒྲགས་ཏེ་ཤིན་ཏུ་རྒྱས་བཤད་ཀྱི་ཚུལ་དུ་གནང་བའི་དབང་ལུང་ཁྲིད་ཆ་ཚང་དང་། ངོར་ཆེན་སྡོམ་རྒྱུན་གྱི་དགེ་ཚུལ་སློང་གི་སྡོམ་པ་བཞེས་ནས་ཉེས་ལྟུང་གི་དྲི་མས་མ་གོས་པར་མཛད། གཙོ་བོ་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་གསན་བསམ་མཛད་པ་དང་། ཁྱད་པར་ལོ་ངོ་བཅུ་ཕྲག་ལྷག་རིང་སྐུ་མཚམས་ཁོ་ན་ལ་བཞུགས། སྐུ་མཚམས་གྲོལ་ནས་སྐྱེ་དགོན་དུ་ཆིབ་བསྒྱུར་གྱིས་གཙོ་བོར་སྒྲུབ་ཐབས་ཀུན་བཏུས་དང་། གཞན་ཡང་བཀའ་ཆོས་མང་པོ་གནང་ནས་བསྟན་པ་དང་། སེམས་ཅན་གྱི་དོན་དུ་ཕྲིན་ལས་ཀྱི་རྒྱུན་སྤེལ་བར་མཛད། ཆུ་ལུག་དབྱར་ཐོག་དབྱར་ལོ་གསུམ་རིང་ཁང་སར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ་དཔལ་བཟང་པོ་མཆོག་ནས་གདན་ས་ཆེན་པོ་དཔལ་ས་སྐྱར་རྒྱུད་སྡེ་ཀུན་འདུས་ཀྱི་བཀའ་དབང་གནང་བར་དབྱར་ཐོག་ས་སྐྱར་ཕེབས་ཏེ་བཀའ་དབང་གསན། དགུན་ཐོག་རྒྱུད་སྡེ་བཀའ་དབང་ཆོས་མཚམས་མཛད་དེ་རྗེ་ཉིད་ངོར་དུ་ཕེབས་ཏེ་ལམ་འབྲས་གནང་བ་སོགས་ལོ་ངོ་གསུམ་རིང་ཡར་མར་བྱོན་བཞུགས་མཛད། མེ་ཕག་ཟླ་བ་བཞི་པའི་ནང་དཔལ་ཨེ་ཝཾ་ཆོས་ལྡན་ནས་གདན་བཏེགས་ཁམས་ཕྱོགས་སུ་ཆིབས་བསྒྱུར་གནང་། ལྕགས་ཡོས་ཟླ་བ་གསུམ་པའི་ཚེས་ཉེར་དགུའི་ཉིན་རྗེ་མཁན་ཆེན་རྡོ་རྗེ་འཆང་ཨ་འཁྲོ་དར་རྒྱས་དགོན་དུ་སྐུ་གཤེགས།
- language:
- Tibetan