Skip to main content Skip to search
klong chen chos 'byung
ID:
T223398
  • ཀློང་ཆེན་ཆོས་འབྱུང (Tibetan, Tibetan script, Original)
    • > klong chen chos 'byung (Tibetan, Latin script, Transliteration-THL Extended Wylie Transliteration)
    • > longchen chöjung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཡོངས་གྲགས་སུ《ཀློང་ཆེན་ཆོས་འབྱུང》ཞེས་འབོད་ཅིང་ཞལ་བྱང་དུ《ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད》ཅེས་འཁོད་པ་འདི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་ཡིན་ཤག་མཛད་ཀྱང་དམ་པ་དེའི་གསུང་ཡིན་མིན་དོགས་པ་འདུག་སྟེ། གང་ཡིན་ཞེ་ན། མཛད་བྱང་དུ་རྒྱལ་སྲས་ཐུགས་མཆོག་རྩལ་གྱིས་ཞེས་མཛད་པ་པོའི་མཚན་གསལ་བ་འདི་ཀུན་མཁྱེན་ཀློང་ཆེན་པའི་མཚན་གྱི་རྣམ་གྲངས་མང་པོ་ཡོད་པའི་ནང་དུ་ཡང་མི་གསལ་ཞིང་། ཆོས་འབྱུང་འདིའི་ཆོས་བསྒྱུར་བའི་དཀར་ཆག་གི་ཚིགས་བཅད་ནང་རྒྱ་ནག་སློབ་དཔོན་ཀཱ་མ་ལ་ཞེས་འཁོད་འདུག་པ་བཞིན་རབ་བྱུང་གཉིས་པའི་ཤིང་འབྲུག(༡༡༢༤)ལོ་ནས་རབ་བྱུང་གསུམ་པའི་ཤིང་བྱི(༡༢༠༤)ལོ་བར་བྱོན་པའི་མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་གཏེར་ནས་བཞེས་པའི《བཀའ་ཐང་ཟངས་གླིང་མ》ཞེས་རིན་ཆེན་གཏེར་མཛོད་ཀྱི་ནང་བཞུགས་པ་དེའི་ཤོག་གྲངས༢༥༧པར་རྒྱ་ནག་གི་ཡུལ་ནས་སློབ་དཔོན་ཀཱ་མ་ལ་ཤྰི་ལ་བྱ་བ་མཁས་པ་ཆེན་པོ་བཞུགས་པ་ཡང་སྤྱན་དྲངས་ཞེས་གསལ་བ་དང་མཐུན་པར། ཉང་ཆེན་པོ་རང་ཉིད་ཀྱིས་མཛད་པའི《ཆོས་འབྱུང་མེ་ཏོག་སྙིང་པོ》དཔེ་ཐུང་དབུ་མེད་བྲིས་རྙིང་ཞིག་གི་ཤོག་གྲངས༣༥༢པར་རྒྱ་ནག་ཡུལ་ནས་སློབ་དཔོན་ཀཱ་མ་ལ་ཤྰི་ལ་སྤྱན་དྲངས་ཞེས་འཁོད་པ་བཅས་དེ་གཉིས་ཀ་ཡིག་ནོར་མིན་པར་མངའ་བདག་ཉང་ཉི་མ་འོད་ཟེར་དང་། 《ཀློང་ཆེན་ཆོས་འབྱུང》ཡོངས་གྲགས་འདིའི་མཛད་པ་པོ་གཉིས་ཀས་སློབ་དཔོན་ཀཱ་མ་ལ་ཤྰི་ལ་རྒྱ་ནག་ནས་གདན་དྲངས་པར་བཞེད་པ་གཅིག་མཐུན་ཡིན་པ་ལྟར་སྣང་ཞིང་། ཀུན་མཁྱེན་འཇིགས་མེད་གླིང་པས་མཛད་པའི《སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་དཀར་ཆག》ནང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་གི་གྲས་སུ《ཆོས་འབྱུང་རིན་པོ་ཆེའི་མཛོད》ཅེས་དྲངས་གནང་མཛད་འདུག་པ་མ་ཟད། 《ཀློང་ཆེན་ཆོས་འབྱུང》དུ་གྲགས་པ་འདིའི་ལྕགས་དཔར་མའི་ཤོག་གྲངས༤༥༥པར་རྗེ་བཙུན་གྲགས་པ་རྒྱལ་མཚན་ཞི་བར་གཤེགས་པའི་ཆོས་འཁོར་མེ་བྱི(༡༢༡༦)ལོ་ལ་མཛད་པའི་དུས་སུ་རྩིས་པས་སངས་རྒྱས་འདས་ལོ་སུམ་སྟོང་སུམ་བརྒྱ་བཞི་བཅུ་ཞེ་དགུ་ལོན་པར་བཞེད་ལ། མེ་མོ་གླང་གི(༡༢༧༧)ལོ་ལ་ཆུ་མིག་ཆོས་འཁོར་གྱི་དུས་སུ་བླ་མ་དམ་པ་ཆོས་རྒྱལ་འཕགས་པས་རྩིས་པས་འདས་ལོ་སུམ་སྟོང་བཞི་བརྒྱ་དང་བཅུ་འདས་པར་བཞེད་དོ། དེ་ནས་བླ་མ་ཏི་ཤྲི་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་བོད་དུ་བསྙེན་རྫོགས་ལ་བྱོན་པའི་དུས་སུ་ཆུ་ཕོ་ཁྱི(༡༣༢༢)ལོ་ཡན་ཆད་ལ་ལོ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་ང་ལྔ་འདས་པར་བཞེད་ཅིང་། དེ་ནས་ལོ་སྐོར་དྲུག་ཅུ་པའི་གནམ་འཕྱང་ས་ཕོ་ཁྱིའི(༡༣༥༨)ལོ་ཡན་ཆད་ཀྱི་ལོ་སུམ་སྟོང་བཞི་བརྒྱ་དགུ་བཅུ་རྩ་གཅིག་འདས་ལ། ད་ལྟ་དགུ་བཅུ་རྩ་གཉིས་པ་ས་ཕག(༡༣༥༩)ལོའི་སྟེང་ན་ཡོད་པས་ཞེས་གསུངས་པ་འདིའི་ས་ཕག་གི་ལོ་འདི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དགུང་ལོ་ལྔ་བཅུ་ང་གཉིས་པའི་ས་ཕག་ལོ་ལ་ཁྲིག་སེ་ཁེལ་བས《ཀློང་ཆེན་ཆོས་འབྱུང》ཡོངས་གྲགས་འདི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རྩོམ་ངོ་མ་ཡིན་དགོས་པ་ལྟ་བུར་དོགས་པའི་གཞིར་སྣང་ཞིང་། གལ་ཏེ་ཀུན་མཁྱེན་མཆོག་གི་གསུང་རྩོམ་ངོ་མ་ཡིན་པའི་དབང་དུ་བཏང་ན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་ནི་གཞུང་ཆེན་བཀའ་པོད་ལྔར་སྦྱངས་པ་མཐར་སོན་པའི་པཎྜི་ཏ་མཚན་དང་དོན་མཐུན་པ་ཞིག་ཡིན་པས། སློབ་དཔོན་ཀཱ་མ་ལ་ཤྲི་ལ་རྒྱ་དཀར་ནག་གང་གི་མི་རིགས་ཡིན་མིན་གྱི་དོན་གནད་ཕྲ་མོ་དེ་ཙམ་ནོར་འཁྲུལ་ཡོང་མི་སྲིད་པ་བཅས་མཁས་པའི་དབང་པོ་རྣམས་ཀྱིས་དཔྱད་པར་མཛད་དུ་གསོལ་ལོ།

language:
Tibetan

2. Thupten Phuntsok Dictionary

ཡོངས་གྲགས་སུ་ཀློང་ཆེན་ཆོས་འབྱུང་ཞེས་འབོད་ཅིང་ཞལ་བྱང་དུ་ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་ཅེས་ཅེས་འཁོད་པ་འདི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་ཡིན་ཤག་མཛད་ཀྱང་དམ་པ་དེའི་གསུང་ཡིན་མིན་དོགས་པ་འདུག་སྟེ། གང་ཡིན་ཞེ་ན། མཛད་བྱང་དུ་རྒྱལ་སྲས་ཐུགས་མཆོག་རྩལ་གྱིས་ཞེས་མཛད་པ་པོའི་མཚན་གསལ་བ་འདི་ཀུན་མཁྱེན་ཀློང་ཆེན་པའི་མཚན་གྱི་རྣམ་གྲངས་མང་པོ་ཡོད་པའི་ནང་དུ་ཡང་མི་གསལ།

language:
Tibetan