Skip to main content Skip to search
dka' chen ye shes rgyal mtshan
ID:
T223403
  • དཀའ་ཆེན་ཡེ་ཤེས་རྒྱལ་མཚན (Tibetan, Tibetan script, Original)
    • > dka' chen ye shes rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kachen yeshe gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཚེ་ཆོག་གླིང་ཡོངས་འཛིན་སྤྲུལ་སྐུའི་སྐུ་ཕྲེང་དང་པོ་སྟེ། ཆོས་འབྱུང་འགའ་ཞིག་ཏུ་ཡོངས་འཛིན་པཎྜི་ཏ་ཡེ་ཤེས་རྒྱལ་མཚན་ཡང་ཞུ་ཞིང་། བོད་ཀྱི་ལོ་རྒྱུས་ཐོག་གྲྭ་རྐྱང་དཀྱུས་མ་ནས་རིམ་བཞིན་བཀྲ་ཤིས་ལྷུན་པོའི་དཀའ་ཆེན་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་དུ་ཕེབས། སྐྱེས་ཆེན་དམ་པ་མཛད་རྗེས་ཧ་ཅང་ཆེ་བ་ཞིག་ཡིན། འཁྲུངས་ཡུལ་ནི་གཏིང་སྐྱེས་ཀྱི་གཟར་བྱང་སྦུག་ཏུ་ཡབ་ཚངས་པ་དཀར་པོ་དང་། ཡུམ་ཚེ་རིང་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ(༡༧༡༣)ལོར་སྐུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་ཨོ་རྒྱན་ཚེ་འཕེལ་ཞུ་ཞིང་། ཡབ་ཡུམ་གཉིས་ཞལ་བྲལ་རྗེས་རྟ་ནག་རི་ཁུད་དགོན་པར་ཐོས་བསམ་གླིང་མཁན་ཆེན་ཚེ་བརྟན་རྒྱལ་མཚན་ལ་གཙུག་ཕུད་འབུལ་གནང་མཛད། དགུང་ལོ་དགུ་ལ་ཕེབས་སྐབས་ཡབ་ཀྱིས་བཀྲ་ཤིས་ལྷུན་པོར་སྐྱེལ་བ་ལྟར་ཆོས་ཞུགས་མཛད། པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་རབ་བྱུང་དང་། དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ། མཚན་ལ་ཡེ་ཤེས་རྒྱལ་མཚན་ཞེས་འདོགས་པར་མཛད། དཀའ་ཆེན་ཡེ་ཤེས་ཐོགས་མེད་དགེ་རྒན་དུ་བསྟེན་ནས་ཚད་མ་རྣམ་འགྲེལ་དང་། ཕར་ཕྱིན། འདུལ་མཛོད་བཅས་ལ་གསན་བསམ་སྒྲོ་འདོགས་ཆོད་པ་གནང་། ཐོས་བསམ་གླིང་སློབ་དཔོན་ཚེ་བརྟན་རྒྱལ་མཚན་གྱིས་དམ་པ་འདི་ལ་དམིགས་བསལ་གྱི་ཐོག་ནས་མཚན་བཏགས་གནང་རྒྱུ་ཐུགས་ཐག་ཆོད་སྐབས། སྐུ་ཐོག་མཉམ་པའི་སློབ་གཉེར་བ་འགས་མ་བཟོད་པར་གནོད་འཚེའི་བསམ་སྦྱོར་ཅི་རིགས་བརྩམས་པར་བརྟེན། རབ་འབྱམས་པའི་མཚན་བཏགས་མཛད་ཀྱང་གཞན་གྱི་སྡིག་རྐྱེན་དུ་འགྲོ་བར་གཟིགས་ཏེ་ལྕགས་པ་དཀའ་ཆེན་སྐལ་ལྡན་དང་མཉམ་དུ་བྲོས་སྟབས་ཀྱིས་མང་ཡུལ་སྐྱིད་གྲོང་གི་བླ་མ་རིན་པོ་ཆེ་བློ་བཟང་རྣམ་རྒྱལ་གྱི་དྲུང་དུ་ཕེབས་ནས་དགེ་སློང་གི་སྡོམ་པ་བཞེས། ལོ་དེ་ནས་ལྕགས་བྱ་ལོ་བླ་མ་རིན་པོ་ཆེ་དགོངས་གཞན་དོན་དུ་མ་ཕེབས་བར་ལོ་བདུན་གྱི་རིང་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན་ཅིང་། གང་གསན་པ་རྣམས་ཉམས་བཞེས་སྒོམ་སྒྲུབ་དང་ཡ་མ་བྲལ་བར་མཛད། བླ་མ་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གྱིས་མཚོན་དགོངས་རྫོགས་ཞབས་འཇུག་གི་རིམ་པ་རྣམས་གྲུབ་རྗེས་དབུས་ཕྱོགས་སུ་ཕེབས་ཏེ། ཕུར་བུ་ལྕོག་ངག་དབང་བྱམས་པ་རིན་པོ་ཆེ་དང་། དགེ་ལྡན་ཁྲི་ཆེན་ནམ་མཁའ་བཟང་པོ་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་གསན། སླར་ཡང་སྐྱིད་གྲོང་དུ་ཕེབས་ནས་ལོ་གསུམ་རིང་འཚོ་བ་དཀའ་ཐུབ་ངན་ངོན་ཙམ་ལ་བསྟེན་ནས་ཉམས་བཞེས་སྒོམ་སྒྲུབ་ལ་ཆིག་དྲིལ་མཛད། དགུང་ལོ་ཞེ་བཞི་ནས་བཟུང་རིམ་བཞིན་སློབ་མ་འགའ་ཞིག་ལ་ཆོས་འཆད་སྤེལ་གནང་། མ་ཎི་ལ་ཁའི་བཀྲ་ཤིས་བསམ་གཏན་གླིང་། བྲག་དཀར་ཐེག་ཆེན་གླིང་གི་རི་ཁྲོད་ཕྱག་བཏབ། རིམ་བཞིན་གཙང་དང་དབུས་ཁུལ་དུ་ཕེབས་ནས། བཀྲ་ཤིས་ལྷུན་པོ་དང་། སེ་འབྲས་དགའ་གསུམ་སོགས་སུ་སློབ་མ་སྟོང་ཕྲག་མང་པོ་སོ་སོའི་འདོད་མོས་དང་མཐུན་པའི་མདོ་སྔགས་གྱི་ཆོས་བཀའ་རྣམ་གྲངས་ཧ་ཅང་མང་བ་སྩལ། པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་དགོངས་པ་གཞན་དོན་དུ་ཕེབས་རྗེས་ལྕང་སྐྱ་རིན་པོ་ཆེ་རོལ་པའི་རྡོ་རྗེས་གོང་མ་ཆེན་ལུང་ལ་མཚམས་སྦྱོར་གནང་བ་བཞིན། དགུང་ལོ་བདུན་ཅུར་ཕེབས་པ་ཆུ་སྟག(༡༧༨༢)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དུ་མངའ་གསོལ། དེ་ནས་དགོངས་པ་གཞན་དོན་དུ་མ་ཕེབས་བར་ལོ་ངོ་བཅུ་གཉིས་རིང་ཏཱ་ལའི་བླ་མ་རིན་པོ་ཆེར་མདོ་སྔགས་ཀྱི་དབང་ལུང་ཁྲིད་ཀྱི་རིམ་པ་ཆ་ཚང་བར་འབུལ་གནང་མཛད་ཅིང་། སྐབས་དང་བསྟུན་ནས་གདན་ས་གསུམ་དང་། རྨེ་རུ། པོ་ཏཱ་ལ་བཅས་སུ་དཔྱིད་སྟོན་གཉིས་རིང་ལམ་རིམ་དང་། བླ་མཆོད་ཁྲིད་སོགས་ཆོས་བཀའ་རྒྱ་ཆེ་རྣམ་གྲངས་མང་བ་སྐུ་ངལ་འཛེམས་མེད་དུ་སྩལ་བས། སློབ་མ་ནི་བོད་དབུས་གཙང་ཁམས་གསུམ། ཨ་མདོ། སོག་ཡུལ་བཅས་ལ་གྲངས་ལས་འདས་ཤིང་། བསྟན་འགྲོའི་དོན་ཆེན་སྐྱོང་ཐུབ་པའི་བསྟན་འཛིན་སྐྱེས་ཆེན་གཅིག་པུ་ཡང་བརྒྱ་ཕྲག་བརྒལ་བ་བཞུགས། དགུང་ལོ་གྱ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ཆུ་གླང(༡༧༩༣)ལོར་དགོངས་པ་མྱ་ངན་ལས་འདས། གསུང་རྩོམ་སྐོར《སྐྱེས་རབས་སོ་བཞི་པའི་འགྲེལ་ཆེན》《བསྟོད་པ་བརྒྱ་ལྔ་བཅུ་པའི་འགྲེལ་པ》《བློ་གྲོས་ཁྲིད་ཡིག་ཆེན་མོ》《བྱ་རྒྱུད་དོན་གསལ》《ལམ་རིམ་བླ་བརྒྱུད་རྣམ་ཐར》སོགས་པོད་ཆེན་བཅོ་བརྒྱད། དགོན་གསར་ཐེག་ཆེན་གླིང་དང་། ཚེ་ཆོག་གླིང་དགོན་པར་ཤིང་པར་ཡོད། སྐུ་ཕྲེང་རིམ་བྱོན་རྣམས་ལ་ཚེ་ཆོག་གླིང་སྤྲུལ་སྐུ་ཞུ་བ་ཧོ་ཐོག་ཐུའི་རིམ་པ་དང་འདྲ་བའི་གོ་གནས་ཡོད། རྣམ་ཐར་ནི《ཡོངས་འཛིན་པཎྜི་ཏ་ཆོས་ཀྱི་རྒྱལ་པོ་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཐུབ་བསྟན་པདྨོ་འབྱེད་པའི་ཉིན་བྱེད》ཏཱ་ལའི་བླ་མ་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོས་མཛད་པ་ལ་ཤོག་གྲངས༢༠༨ལྷ་སའི་ཤིང་པར་ཡོད།

language:
Tibetan

2. Thupten Phuntsok Dictionary

ཚེ་ཆོག་གླིང་ཡོངས་འཛིན་སྤྲུལ་སྐུའི་སྐུ་ཕྲེང་དང་པོ་སྟེ། ཆོས་འབྱུང་འགའ་ཞིག་ཏུ་ཡོངས་འཛིན་པཎྜི་ཏ་ཡེ་ཤེས་རྒྱལ་མཚན་ཡང་ཞུ་ཞིང་། བོད་ཀྱི་ལོ་རྒྱུས་ཐོག་གྲྭ་རྐྱང་དཀྱུས་མ་ནས་རིམ་བཞིན་བཀྲ་ཤིས་ལྷུན་པོའི་དཀའ་ཆེན་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་དུ་ཕེབས། སྐྱེས་ཆེན་དམ་པ་མཛད་རྗེས་ཧ་ཅང་ཆེ་བ་ཞིག་ཡིན། འཁྲུངས་ཡུལ་ནི་གཏིང་སྐྱེས་ཀྱི་གཟར་བྱང་སྦུག་ཏུ་ཡབ་ཚངས་པ་དཀར་པོ་དང་། ཡུམ་ཚེ་རིང་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ (༡༧༡༣) ལོར་སྐུ་འཁྲུངས། དགུང་ལོ་གྱ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ཆུ་གླང་ (༡༧༩༣) ལོར་དགོངས་པ་མྱ་ངན་ལས་འདས།

language:
Tibetan