Skip to main content Skip to search
dkar rtsis kyi rig pa
ID:
T223463
  • དཀར་རྩིས་ཀྱི་རིག་པ (Tibetan, Tibetan script, Original)
    • > dkar rtsis kyi rig pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kar tsi kyi rigpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(སྐར་རྩིས)ཕྱི་རོལ་གྱི་ཉི་ཟླ་གཟའ་སྐར་སོགས་ཀྱི་འཁོར་བགྲོད་ལ་བརྟེན་ནས་དུས་ཀྱི་དབྱེ་བ་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ཆོས་ཉིད་ཤེས་ཐབས་ཀྱི་རྩིས་རིག་ཅིག་ལ་ཟེར། རིག་གནས་ལྔའི་གཞུང་ཕལ་ཆེ་བའི་ནང་སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་ཞེས་བཤད་པ་ལྟར། གནའ་རབས་སྐར་རྩིས་ཀྱིས་གཙོ་བོར་བརྩི་བྱ་ནི་དུས་ཀྱི་ཚད་བརྩི་བ་དང་དེའི་ཞར་ལ་གཟུགས་ཀྱི་ཚད་བརྩི་བ་ཡང་ཤེས་དགོས་ཤིང་། དེང་རབས་ཀྱི་སྐར་རྩིས་ལ་དུས་ཀྱི་ཚད་དང་། གཟུགས་ཀྱི་ཚད་གཉིས་ཀའི་སྒོ་ནས་བརྩི་དགོས་ཏེ། དེ་ཡང་ཉི་ཟླ་སོགས་ཀྱི་རྒྱུ་སྐར་དང་གཟའ་སྐར་རྣམས་ཀྱི་འཁོར་འགྲོས་ཕྱུར་བུལ་དང་། འཆར་ནུབ་སོགས་མང་པོ་ཞིག་ནི་དུས་ཀྱི་ཚད་འཇལ་བའི་སྒོ་ནས་བརྩི་དགོས་ལ། དེ་དག་ཕན་ཚུན་བར་གྱི་ཐག་རིང་ཐུང་དང་། འོད་ཀྱི་ཚད་སོགས་འགའ་ཞིག་ནི་གཟུགས་ཀྱི་བོང་ཚད་འཇལ་བའི་སྒོ་ནས་བརྩི་དགོས་པ་ཡིན། དེ་ལ་དུས་ཀྱི་ཚད་འཇལ་ཚུལ་དང་། གཟུགས་ཅན་གྱི་ཚད་འཇལ་ཚུལ། རྩི་བྱེད་ཀྱི་གྲངས་བཅས་གསུམ་གྱི་སྒོ་ནས་ཤེས་དགོས། དང་པོ། དུས་ཀྱི་ཚད་འཇལ་བའི་ཚུལ་ནི། སངས་རྒྱས་ཆོས་ལུགས་ཀྱི《མངོན་པ་མཛོད》དང《འདུལ་བ་ལུང》སོགས་ལས་རྩི་ཚུལ་མི་འདྲ་བ་འགའ་ཞིག་བཤད་ཡོད་ཀྱང་སྐར་རྩིས་རིག་པ་དང《དུས་འཁོར》ལས་བཤད་པའི་བརྩི་ཚུལ་ནི། སྐྱེས་བུ་ནད་མེད་པ་ཞིག་གི་དབུགས་འགྲོ་འོང་གཉིས་རེ་ལ་ཁུག་པ་གཅིག་ཏུ་རྩིས་པའི་དབུགས་དྲུག་ལ་ཆུ་སྲང་གཅིག་དང་། ཆུ་སྲང་དྲུག་ཅུ་ཐམ་པ་སྟེ། དབུགས་ཆ་སུམ་བརྒྱ་དྲུག་ཅུ་ལ་ཆུ་ཚོད་གཅིག་ཆུ་ཚོད་དྲུག་ཅུ་ཐམ་པ་ལ་ཉིན་ཞག་གཅིག་ཏུ་རྩིས་པ་ཡིན་ཅིང་། (འདིའི་ཆུ་ཚོད་དེ་ཡོངས་གྲགས་ཀྱི་ཆུ་ཚོད་དང་བསྡུར་ནས་རྩིས་ན། ཡོངས་གྲགས་ཀྱི་ཆུ་ཚོད་གཅིག་ལ་སྐར་རྩིས་པའི་ལུགས་ཀྱི་ཆུ་ཚོད་གཉིས་དང་། ཆུ་སྲང་སུམ་ཅུ་ཡིན)ཉིན་ཞག་གཅིག་ལ་དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད། ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་དང་། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩི་ཤིང་། དེ་ལ་དུས་བཞི་དང་། དུས་བཞི་ཆེན་པོ་དང་། བསྐལ་པ་དང་། བསྐལ་ཆེན་སོགས་ཀྱི་རྣམ་གཞག་འཇོག་རྒྱུ་ཡོད་ལ། གཞན་ཡང་གཟའ་དང་། ཚེས་གྲངས། སྐར་མ། སྦྱོར་བ། བྱེད་པ་བཅས་ལྔ་ནི་རྩིས་ཀྱི་ཡན་ལག་ལྔ་དང་། གཟའ་ལྔ་སོ་སོའི་འགྱུར་བ་དང་། བུལ་བ་དང་། དྲང་པོ་དང་། འཁྱོག་པོའི་འགྲོས་དང་། ཁྱིམ་དང་། ལོངས་སྤྱོད་དང་། སྒྲ་གཅན་དང་། དུས་མེ་དང་། ཉི་ཟླ་འཛིན་པའི་རྩིས་དང་། དུ་བ་མཇུག་རིང་གི་འཆར་ནུབ་དང་། དབྱར་དགུན་གྱི་ཉི་ལྡོག་དང་། དུས་སྦྱོར། ཞག་གསུམ་གྱི་རྣམ་དབྱེ་ལ་སོགས་པའི་རྩིས《དུས་འཁོར》ལས་བཤད་པ་རྣམས་ནི་སྐར་རྩིས་སམ་དཀར་རྩིས་སུ་གྲགས་པ་དེ་ཡིན་ཅིང་། ནག་རྩིས་ནི་རྨེ་བ་དགུ་དང་། སྤར་ཁ་བརྒྱད། ལོ་སྐོར་བཅུ་གཉིས། འབྱུང་བ་ལྔ། ཀེག་རྩིས། བག་རྩིས། གཤིན་རྩིས་སོགས་རྒྱ་ནག་ནས་བོད་དུ་དར་བའི་རྩིས་རིགས་མང་པོ་ཡོད་པ་དེ་རྣམས་ལ་ཟེར། གཉིས་པ། གཟུགས་ཅན་གྱི་ཚད་འཇལ་བའི་རྩིས་ནི་རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག་དེ་བདུན་ལ་ལྕགས་རྡུལ་གཅིག་ཏུ་བརྩིས་པ་ནས་རིམ་བཞིན་ཆུ་རྡུལ། རི་བོང་གི་རྡུལ། ལུག་གི་རྡུལ། གླང་རྡུལ། ཉི་ཟེར་གྱི་རྡུལ། སྲོ་མ་ཤིག་། ནས་ཀྱི་བར་དུ་བདུན་འགྱུར་དུ་བརྩིས་ཏེ། ནས་བདུན་ལ་སོར་གང་། སོར་ཉི་ཤུ་རྩ་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་འདོམ་གང་། འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཏུ་རྩིས་པའི་ཚད་དེས་འཇིག་རྟེན་ཁམས་ཀྱི་རྒྱ་ཆེ་ཆུང་དང་། ཐག་རིང་ཐུང་འཇལ་བར་བྱེད་པ་ནི་གནའ་རབས་ཀྱི་རྩིས་ཚུལ་ཡིན་ལ། དེང་སང་ནི་རྒྱུ་སྐར་སོ་སོའི་བར་གྱི་ཐག་རིང་ཐུང་ནི་འོད་ལོ་ཞེས་འོད་ཀྱིས་ལོ་གཅིག་ལ་འགྲོ་བའི་མགྱོགས་ཚད་ཀྱི་སྒོ་ནས་རྩི་བར་བྱེད་སྲོལ་ཡོད། ལྩི་ཚད་འཇལ་བ་ལ་སྲང་། བོང་ཚད་འཇལ་བ་ལ་བྲེ་སོགས་ཀྱི་རྣམ་གཞག་ཡོད་པའང་རྩིས་རིགས་ཀྱི་ཁོངས་སུ་གཏོགས་པ་ཡིན། གསུམ་པ། རྩི་བྱེད་ཀྱི་གྲངས་གནས་ནི། 《འཇམ་དཔལ་རྩ་རྒྱུད》ལས་གྲངས་ཀྱི་གནས་བཅོ་བརྒྱད་ཡོད་པར་བཤད། 《མདོ་སྡེ་ཕལ་པོ་ཆེ》ལས་གྲངས་ཀྱི་གནས་བརྒྱད་དང་ཉི་ཤུ་རྩ་བརྒྱད་ཡོད་པར་བཤད། 《མདོ་སྡེ་རྒྱ་ཆེ་རོལ་པ》ལས་གྲངས་ཀྱི་གནས་སུམ་ཅུ་རྩ་གཉིས་ཡོད་པར་བཤད་པ་དང་། ཡོངས་གྲགས་ཀྱི་གྲངས་གནས་ལ་གཅིག་ནས་གྲངས་མེད་བར་དུ་དྲུག་ཅུ་ཐམ་པ་ཡོད་ཚུལ་སྐོར་འོག་ཏུ་གསལ་བ་ལྟར་ཡིན། བོད་དུ་སྐར་རྩིས་རིག་པ་ཇི་ལྟར་བྱུང་ཚུལ་མདོར་བསྡུས་ནི། ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་གཞིར་བཟུང་ན་སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཕྲག་གཅིག་ཡས་མས་སུ་རྒྱལ་པོ་གཉའ་ཁྲི་བཙན་པོས་སྲིད་དབང་བཟུང་སྐབས་བོན་ཤེས་པ་ཅན་བཅུ་གཉིས་ཟེར་བ་ཞིག་བྱུང་བ་དེའི་ནང་ནས་སྐོར་ཤེས་རྩིས་མཁན་ནི་སྐར་རྩིས་ཤེས་མཁན་ཞིག་ཡིན་པར་བོན་པོའི་ལོ་རྒྱུས་ལས་བཤད་ཡོད་པ་དང་། རྒྱལ་པོ་པུ་དེ་གུང་རྒྱལ་གྱི་དུས་སུ་རྒྱུའི་བོན་རིགས་བཞི་ཟེར་བ་བྱུང་བའི་ནང་ནས་དུར་གཤེན་མཚོན་ཆ་གསོས་གཤིས་གཉིས་ཀྱི་རྩིས་བྱེད་མཁན་ཞིག་ཡིན་པར《རྒྱལ་རབས་གསལ་བའི་མེ་ལོང》དང《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་ལོ་རྒྱུས་མང་པོར་བཤད་པ་ལྟར། རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་རོལ་ནས་བོད་ཀྱི་ངལ་རྩོལ་མི་དམངས་རྣམས་ཀྱིས་ཞིང་འབྲོག་ཐོན་སྐྱེད་ལ་ཞུགས་པའི་གོ་རིམ་ནང་ཉི་ཟླ་སྐར་གསུམ་གྱི་འཁོར་བསྐྱོད་ཆོས་ཉིད་དང་ཕན་ཚུན་གྱི་འབྲེལ་བ་ཤེས་རྟོགས་བྱུང་སྟེ་གནམ་རིག་སྐར་རྩིས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད་ཅིང་། 《ལོ་གཅིག་དུས་བཞིའི་འགྱུར་ལྡོག་གི་བརྟག་པ་གནའ་རབས་རྒན་པོའི་མྱོང་བྱང》ཞེས་པ་ཡང་བོད་ས་གནས་རང་ལ་འཕྲོད་པའི་གནམ་རིག་གི་ཉམས་མྱོང་ཞིག་རེད། སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ལྷག་ཙམ་གྱི་གོང་དུ་རྒྱལ་པོ་པུ་དེ་གུང་རྒྱལ་གྱི་དུས་རྩྭ་ཐང་སྦོལ་ནས་ཞིང་དུ་འདེབས་པ་དང་། ཡུར་བ་བརྒྱུད་ནས་ཞིང་ཆུ་འདྲེན་པ། སོལ་བ་ལ་བརྟེན་ནས་དངུལ་དང་། ཟངས། ལྕགས་བཅས་བཞུ་བ་སོགས་ཞིང་ལས་དང་ལག་ཤེས་བཟོ་ལས་བཅས་ལ་གོང་འཕེལ་ཆེན་པོ་བྱུང་ཞིང་། ལྷོ་ཁ་ཡར་ཀླུང་ས་ཁུལ་གྱི་ཐགས་མཁན་རྒན་མོ་བལ་མ་ཟེར་བ་དེས་ཟླ་བའི་ཁ་གང་འཕེལ་འགྲིབ་ཀྱིས་ཞག་རྩིས་ལ་བརྟེན་ནས་ཟླ་བ་རྩི་བ་དང་། ཐོག་མར་རྡོ་ནག་གྲུ་བཞི་པ་ཞིག་གི་སྟེང་རྡོ་དཀར་གྱི་རེ་མིག་སུམ་ཅུ་བཀོད་དེ་ཟླ་བ་སོ་སོའི་ཞག་འཁོར་གཉིས་པའི་ཉིན་དང་པོ་ཚེས་བརྒྱད་ཉིན་ཟླ་བ་ཁ་ཚེས། ཞག་འཁོར་གསུམ་པའི་ཉི་མ་དང་པོ་ཚེས་བཅོ་ལྔར་ཟླ་བ་ཁ་གང་། ཞག་འཁོར་བཞི་པའི་ཉི་མ་དང་པོ་ཚེས་ཉི་ཤུ་གཉིས་ཀྱི་ནམ་ཕྱེད་ལ་ཟླ་བ་ཕྱེད་པ་ཤར། དེ་ནས་ཞག་འཁོར་ལྔ་པའི་ཉི་མ་དང་པོ་ཚེས་སུམ་ཅུ་ཉིན་ཟླ་བ་མཐོང་རྒྱུ་མེད་པར་གྱུར། ཚེས་གཅིག་དང་གཉིས་ལ་ཟླ་བ་མཐོང་ན་ཚེས་གཅིག་ཆད་པས་ཟླ་བ་དེར་ཞག་གཅིག་ཆད་པ་སོགས་ཟླ་བའི་ཞག་ལ་བརྟེན་ནས་ཟླ་བ་ཆེ་ཆུང་རྩི། ལོ་གཅིག་ལ་དུས་བཞིར་ཕྱེ་ནས་དུས་བཞི་སོ་སོར་ཟླ་བ་གསུམ་རེར་ཕྱེ་ཞིང་ལོ་གཅིག་གི་ནམ་དུས་དང་པོ་ནི་དཔྱིད་ཀ་ཡིན་པ་དང་། དྲོད་རླུང་ལྡང་བ་ནི་དཔྱིད་ཀའི་མཚོན་རྟགས་ཡིན་ལ། ནམ་དུས་གཉིས་པ་ནི་དབྱར་ཁ་དང་ཤིང་རྩི་ཁ་འབུས་ལོ་མ་རྒྱས་པ་དང་ཆར་ཆུ་མང་བ་ནི་དེའི་མཚོན་རྟགས་ཡིན། ནམ་དུས་གསུམ་པ་ནི་སྟོན་ཁ་ཡིན་ཅིང་འབྲས་བུ་སྨིན་པ་དང་དྲོད་ཚད་ཆག་པ་ནི་དེའི་མཚོན་བརྟགས་དང་། ནམ་དུས་བཞི་པ་ནི་དགུན་ཁ་ཡིན་ཅིང་གྲང་རླུང་ལྡང་བ་ནི་དེའི་མཚོན་རྟགས་ཡིན་པར་བཤད་ཡོད། གཞན་ཡང་ཁོང་གིས་ཤར་ལྷོ་ནུབ་བྱང་གི་ཕྱོགས་བཞིའི་གནས་ཚུལ་ཤེས་པ་དང་དུས་མཚུངས་ཉི་མ་ལྷོ་བགྲོད་དང་བྱང་བགྲོད་ཀྱི་ཉི་ལྡོག་གནས་ཚུལ་ཤེས་ཡོད་པ། དྲོད་རླུང་ལྡང་ཞིང་ཤིང་རྩི་ལོ་མ་ཁ་འབུས་སྐབས་ཉི་མ་བྱང་བགྲོད་དུ་སླེབས་འགོ་ཚུགས་ཤིང་འབྲས་བུ་སྨིན་པ་དང་། གྲང་རླུང་ལྡང་བའི་དུས་སུ་ཉི་མ་ལྷོ་བགྲོད་དུ་སླེབས་འགོ་ཚུགས་པར་བཤད་ཡོད་པ་རེད། གོང་གསལ་རྒན་མོ་བལ་མའི་ཟླ་རྩིས་ལྟར་རྩིས་ནས་དུས་ཡུན་གང་མཚམས་སོང་རྗེས་ནམ་དུས་བཞིའི་གནས་ཚུལ་རྩེ་མཐུན་འཕྲོད་པ་ཞིག་མ་བྱུང་བའི་སྟབས་ཀྱིས་ཞིང་འབྲོག་ཐོན་སྐྱེད་ལ་བཀོད་སྒྲིག་ལེགས་པོ་བྱེད་མ་ནུས་པ་མཐོང་ནས་གོམ་གང་མདུན་སྤོས་ཀྱིས་དེའི་རྒྱུ་མཚན་ལ་བསམ་གཞིགས་དང་བརྟག་དཔྱད་བྱེད་སྐབས་འཇིག་རྟེན་ཁམས་ཀྱི་དུས་བཞིའི་འགྱུར་ལྡོག་གི་རྒྱུ་རྐྱེན་གཙོ་བོ་ནི་ཉི་མ་གཙོ་ཆེ་བ་དང་ཟླ་བ་འཚར་ལོངས་ནི་ཟླ་བ་གཙོ་ཆེ་བ། ཉིན་ཞག་གི་འཚར་ལོངས་ནི་ཉིན་མཚན་གྱི་དུས་གཙོ་ཆེ་བའི་མཇུག་བསྡོམས་ཤེས་རྟོགས་བྱུང་བ་མ་ཟད། ཉིན་རྩིས་ནི་ལོ་གཅིག་ལ་དབྱར་ཉི་ལྡོག་དང་། དགུན་ཉི་ལྡོག་དཔྱིད་མཉམ་དང་། སྟོན་མཉམ་བཞི་ལ་དབྱེ་བ་དང་། ཟླ་རྩིས་ནི་ཟླ་བ་ཡར་འཕེལ། ཉ་གང་། མར་འགྲིབ། གནམ་སྟོང་བཅས་བཞིར་དབྱེ་ཞིང་། ཉིན་མཚན་གཉིས་བསྡོམས་པའི་ཞག་གཅིག་དང་། ཞག་སུམ་ཅུ་ལ་ཟླ་བ། ཟླ་བཅུ་གཉིས་ལ་ལོ། ལོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དྲུག་ཅུ། ཉིན་གཅིག་ལ་ཉི་ཤར། ཉིན་ཕྱེད་ཉི་ནུབ། ནམ་ཕྱེད་བཅས་ཉིན་མཚན་གྱི་དུས་བཞིར་ཕྱེ་བ་སོགས་སྐར་རྩིས་ཐོག་ཡར་རྒྱས་ཆེན་པོ་བྱུང་། གཞན་ཡང་ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་གཅིག་གི་ནང་རྒྱུ་སྐར་ཉེར་བརྒྱད་སོ་སོའི་མིང་གི་ཐད་རྒྱ་ནག་གི་སྐད་དང་རྒྱ་གར་གྱི་སྐད་བོད་དུ་མ་གྲགས་གོང་ནས་བོད་རང་ལ་གྲགས་པའི་གནའ་རབས་ཀྱི་མིང་ནི། སྐར་མ་ཐ་སྐར་ལ་གནའ་རབས་ཀྱི་མིང་དུ་དབྱུག་པ་ཟེར་ཞིང་། དེ་བཞིན་དུ་གྲ་ཉེ་ནི་གནའ་རབས་ཀྱི་མིང་རང་འཇགས། སྨིན་དྲུག་ལ་ཉ་དྲུག་སྣར་མ་ལ་བི་རྩི། མགོ་ལ་སྨལ་པོ། ལག་ནི་གནའ་མིང་རང་འཇགས། ནབས་སོ་ལ་རྒྱལ་སྟོད། རྒྱལ་ལ་རྒྱལ་སྨད། སྐག་ལ་ཝ། མཆུ་ལ་རྟ་ཆེན། གྲེ་ལ་རྟ་ཆུང་། དབོ་ལ་ཁྲ། མེ་བཞི་ལ་བྱ་མ། ནག་པ་ལ་བྱའུ། ས་རི་ལ་ནམ་གོང་། ས་ག་ལ་ནམ་འོག། ལྷ་མཚམས་ལ་ལག་སོར། སྣོན་ལ་ལྡེའུ། སྣྲུབས་ལ་སོག་པ། ཆུ་སྟོད་ལ་བྲེ། ཆུ་སྨད་ལ་ཕུལ། གྲོ་བཞིན་ལ་བྱ་སྦོ། བྱི་བཞིན་ལ་བྱ་གཞུག། མོན་གྲེ་ལ་སྒྲོག་སྟོད། མོན་གྲུ་ལ་སྒྲོག་སྨད། ཁྲུམས་སྟོད་ལ་བྱ་མཆུ། ཁྲུམས་སྨད་ལ་ཟེའུ། ནམ་གྲུ་ལ་ཤེ་པ་ཞེས་ཟེར་བ་ཡིན། སྐར་མའི་མིང་དེ་དག་དེང་སང་ཞིང་འབྲོག་ས་ཁུལ་དུ་བེད་སྤྱོད་བྱེད་མུས་ཡིན་པ་དཔེར་ན་སྐྱོར་ཁ་བརྟག་པ་ཞེས་བོད་ཟླ་བཅུ་གཅིག་པའི་ཚེས་བདུན་དང་། བཅུ་གཉིས་པའི་ཚེས་ཉི་ཤུ་ལྔ། བོད་ཟླ་དང་པོའི་ཚེས་ཉི་ཤུ་གསུམ་བཅས་ལ་ཟླ་བ་ཤར་བ་དང་མཉམ་དུ་ཤར་ལྷོའི་མཚམས་ནས་སྐར་མ་ལག་སོར(ལྷ་མཚམས)ཞེས་པ་མིའི་ལག་པའི་བཟོ་དབྱིབས་དང་འདྲ་བའི་སྐར་མ་ཞིག་ཤར་ཡོང་བ་དེ་ཡི་གནས་གང་དུ་ཟླ་བ་ཡོད་མེད་བལྟས་ཏེ། ལོ་རྗེས་མའི་ཆར་ཆུ་མང་ཉུང་དང་། ཐན་ཞོད། སད་སེར། འབུ་གནོད་བཅས་ཡོད་མེད་བརྟག་པ་དང་། ཉ་དྲུག་བརྟག་པ་ཞེས་སྐར་མ་སྨིན་དྲུག་དང་ཟླ་བ་གཉིས་གནས་ས་སྔོན་རྗེས་རྒྱབ་མདུན་སོགས་ལ་བརྟག་པ། དབྱར་ཉི་ལོག་ནས་སྐར་མ་སྨལ་པོ(མགོ)འཆར་བའི་རྗེས་ཀྱི་ཞག་ཉི་ཤུའི་ནང་ཆར་པ་འབབ་མིན་ལ་བརྟག་པ་སོགས་གནའ་རབས་བོན་དང་རྒན་པོའི་ཉམས་མྱོང་ཁ་རྒྱུན་མང་པོ་ཞིག་ནང་གནམ་ལ་སྐར་མ་གང་འཆར་བའི་དུས་སུ་ས་ཐོག་ལ་འགྱུར་བ་གང་དང་གང་ཡོང་དང་། དེའི་དུས་སུ་ཞིང་འབྲོག་ཐོན་སྐྱེད་ཀྱི་དུས་བབས་བཟང་ངན་གཏན་འཁེལ་བྱས་པ་མང་པོ་ཞིག་བོད་ས་གནས་རང་གི་དམིགས་བསལ་རང་བཞིན་ལྡན་པའི་ཉམས་མྱོང་ཡིན་པ་ལས། ས་གནས་གཞན་དང་མི་རིགས་གཞན་དག་གི་ཉམས་མྱོང་ནས་བྱུང་བ་མིན་པ་ལྟ་བུ། ཡོངས་སུ་གྲགས་པའི་ལོ་རྒྱུས་མང་པོ་ཞིག་གི་ནང་། རྒྱལ་པོ་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་གྱི་དུས་ཐང་རྒྱལ་རབས་དང་བོད་གཉིས་འབྲེལ་བ་ཐོག་མར་བྱུང་ཞིང་། མེས་རྒྱལ་ནས་སྐར་རྩིས་དང་སྨན་ཐོག་མར་དར་ཞེས་བཤད་སྲོལ་ཡོད་ཅིང་། དེ་ནི་མེས་རྒྱལ་ནང་ཁུལ་ནས་བོད་དུ་དར་བའི་འབྱུང་རྩིས་དང་གསོ་རིག་ཐོག་མར་དར་བའི་དུས་སྐབས་དེ་ནས་འགོ་ཚུགས་པ་ཡིན་ཞེས་བཤད་པ་ཙམ་ལས་དེའི་གོང་དུ་བོད་ལ། སྐར་རྩིས་དང་གསོ་རིག་མེད་པའི་དོན་མིན་ཅིང་། རྒྱལ་པོ་[སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱ་བཟའ་རྣམ་གཉིས་ཀྱིས་རིག་གཞུང་དཔེ་དེབ་མང་པོ་བསྣམས་ཕེབས་པ་དང་། ཁག་གཅིག་རྒྱ་ཡིག་ནས་བོད་སྐད་དུ་བསྒྱུར་བ། རྒྱ་ཡི་སློབ་དཔོན་དུ་ཧར་ནག་པོའི་སློབ༌མ་ཁྱུང་ཤག་དར་སོགས་ཀྱིས་རྩིས་གཞུང་མང་པོ་བརྩམས་ཡོད་ཀྱང་འབྱུང་རྩིས་དང་ནག་རྩིས་ཀྱི་ཕྱོགས་ཡིན་པ་ལས་སྐར་རྩིས་ཀྱི་ཕྱོགས་འདྲ་བ་ཉུང་ཤས་ཤིག་ལས་མེད། ཉི་ཟླ། གཟའ་འཛིན་སྐོར་གྱི་རྩིས་རིག་ཧ་ཅང་ཞིབ་པ་ཐང་རྒྱལ་རབས་ཀྱི་དུས་ནས་མེས་རྒྱལ་ནང་ཁུལ་དུ་དར་ཟིན་ཀྱང་བོད་དུ་ནི་རྒྱ་རྩིས་དེ་དག་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་ཁྲི་ལོ་ང་བཞི་པ་རབ་བྱུང་བཅུ་གཉིས་པའི་ཤིང་ལུག(༡༧༡༥)ལོ་ལ་དཔར་དུ་བཏབ་པ་འཇམ་དབྱངས་བདེ་ལྡན་རྒྱལ་པོས་མཛད་པའི་རྒྱ་རྩིས་བོད་ཡིག་དུ་བསྒྱུར་བ་དེ་ནས་བཟུང་རིམ་བཞིན་བླ་བྲང་བཀྲ་ཤིས་འཁྱིལ་དང་རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སྨན་རྩིས་ཁང་དུ་དར་འགོ་ཚུགས་ཤིང་། དེ་ནི་མེས་རྒྱལ་ནང་ཁུལ་དུ་ཐང་རྒྱལ་རབས་ནས་བཟུང་རྒྱལ་རབས་རིམ་པར་གནམ་དཔྱད་རིག་པར་ཞིབ་འཇུག་དང་དར་སྤེལ་གཏོང་རྒྱུར་ཧ་ཅང་དམ་བསྒྲགས་ཆེ་བའི་དབང་གིས་བོད་དུ་དར་སྤེལ་མ་བྱུང་བ་ཡིན། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ད་ལྟ་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་བོད་ཡིག་འདི་གསར་གཏོད་བྱས་པ་ནས། རབ་བྱུང་དང་པོའི་མེ་ཡོས་མ་ཤར་བར་གྱི་ལོ་གྲངས་སུམ་བརྒྱ་དགུ་བཅུ་ལྷག་ཙམ་བར་དུ་ནི་བོད་རང་ཉིད་ཀྱི་གནའ་རབས་སྐར་རྩིས་འགའ་ཞིག་དང་། ཐང་རྒྱལ་རབས་ཀྱི་སྐབས་བོད་དུ་དར་བའི་འབྱུང་རྩིས་ནག་རྩིས་ཉུང་ཤས་ཤིག་ལས་གལ་ཆེའི་གནམ་རིག་སྐར་རྩིས་ནི་དར་སྤེལ་བྱུང་མེད། རབ་བྱུང་དང་པོའི་མེ་ཡོས(༡༠༢༧)ལོར་ཁ་ཆེ་ཟླ་བ་མགོན་པོས་དུས་འཁོར་གྱི་གཞུང་མང་པོ་བོད་དུ་གདན་དྲངས་ནས་བོད་དུ་བསྒྱུར་འགོ་ཚུགས་པ་དང་སྐབས་དེར་དུས་འཁོར་རྩ་རྒྱུད་ཀྱི་ལེའུ་ལྔའི་ནང་ནས་དབང་མདོར་བསྟན་ཙམ་ལས་མ་བསྒྱུར་ཞིང་། བསྡུས་རྒྱུད་ཡོངས་རྫོགས་དང་འགྲེལ་ཆེན་དྲི་མེད་འོད་བཅས་བོད་དུ་བསྒྱུར་ཀྱང་དུས་འཁོར་རྩ་རྒྱུད་ཀྱི་གཞུང་འདི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཡང་དག་པ་ཡིན་མིན་ཐད་རྩོད་པ་ལངས་ཏེ་ལོ་སུམ་བརྒྱ་ཙམ་ཞིག་བར་དར་སྤེལ་མ་ཐུབ། དེ་ནས་རབ་བྱུང་ལྔ་པའི་ས་རྟ(༡༣༡༨)ལོར་ཀརྨ་པ་རང་བྱུང་རྡོ་རྗེས《རྩིས་ཀྱི་བསྟན་བཅོས་ཀུན་བཏུས》བརྩམས་སིང་དེ་ནས་ལོ་གསུམ་སོང་བའི་ལྕགས་བྱ(༡༣༢༡)ལོར་བུ་སྟོན་རིན་པོ་ཆེས《རྩིས་ཀྱི་བསྟན་བཅོས་མཁས་པ་དགའ་བྱེད》བརྩམས་གནང་མཛད་པ་དེ་ནས་བཟུང་དུས་འཁོར་སངས་རྒྱས་ཀྱི་བཀའ་ཡང་དག་པ་ཡིན་མིན་གྱི་རྩོད་པ་དེ་འཇགས་ནས་རྒྱུད་དེ་དར་སྤེལ་བྱུང་བའི་འགོ་ཚུགས། རབ་བྱུང་བརྒྱད་པའི་མེ་ཡོས(༡༤༤༧)ལོར་ཕུག་པ་ལྷུན་གྲུབ་རྒྱ་མཚོ་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོ་གཉིས་ཀྱིས《རྩིས་ཀྱི་བསྟན་བཅོས་པད་དཀར་ཞལ་ལུང》དང《དྲི་མེད་འོད་རྒྱན》སོགས་བརྩམས་ནས་ཕུག་ལུགས་ཕྱི་མའི་བཞེད་སྲོལ་དར་རྒྱས་ཆེ་བ་བྱུང་བ་དང་། རབ་བྱུང་བཅུ་པའི་མཇུག་དང་། བཅུ་གཅིག་པའི་དཀྱིལ་བར་བོད་ཀྱི་སྐར་རྩིས་མཁས་པ་སྨོན་འགྲོ་པཎ་ཆེན་ཡབ་སྲས་ལྷུན་པོ་དོན་གྲུབ་དབང་རྒྱལ། འདར་ལོ་ཕུན་ཚོགས་ལྷུན་གྲུབ། ལུ་འགོ་བླ་མཁྱེན། རྣམ་གླིང་དཀོན་མཆོག་ཆོས་གྲགས། ཡབ་སྐུ་སྐུ་སྐྱེ་དབང་གྲགས་རྡོ་རྗེ། ཕུ་ལུང་དགེ་སློང་བློ་བཟང་ཡོན་ཏན། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་སོགས་བྱུང་ཞིང་། ལྷག་པར་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྔོན་བྱོན་རྒྱ་བོདཀྱི་རྩིས་རིག་མཁས་པ་རྣམས་ཀྱི་གཞུང་མང་པོ་ཞིབ་འཇུག་བརྟག་དཔྱད་མཛད་དེ《ཕུག་ལུང་རྩིས་ཀྱི་ལེགས་བཤད་བེཌྰུརྱ་དཀར་པོ》མ་བུ་དང་། དེའི་དོགས་སེལ《གཡའ་སེལ》གཉིས་བརྩམས་པ་ནས་གཞུང་དེ་བོད་ལྗོངས་ས་ཁུལ་མང་ཆེ་བར་དར་ཁྱབ་ཆེ་བ་བྱུང་། དེ་རྗེས་རབ་བྱུང་བཅུ་གཉིས་པའི་ཤིང་རྟ(༡༧༡༤)ལོར་སྨིན་གྲོལ་གླིང་ལོ་ཆེན་དྷམ་ཤྲིས《རྩིས་ཀྱི་བསྟན་བཅོས་ཉིན་བྱེད་སྣང་བ》མ་ཡིག་དུང་ཡིག་དང་། དེའི་འགྲེལ་པ་གསེར་གྱི་ཤིང་རྟ་བཅས་བརྩམས་གནང་མཛད་དེ་སྨིན་གྲོལ་གླིང་དུ་སྐར་རྩིས་དང་སྒྲ་རིག་པ་སློབ་སྦྱོང་བྱེད་པའི་ཆེད་སྦྱོང་སློབ་གྲྭ་བཙུགས་པ་དེ་ནས་བཟུང་། མཚོ་སྔོན་དང་། ཀན་སུའུ་སྡེ་དགེ་སོགས་སུ་སྐར་རྩིས་མཁས་པ་མང་པོས་རྩིས་ཀྱི་བསྟན་བཅོས་བརྩམས་ཏེ་དར་ཁྱབ་ཆེན་པོ་བྱུང་། དེ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་(༡༩༡༦)ལོར་སྨན་རྩིས་ཁང་བཙུགས་ཤིང་། མཁས་དབང་མཁྱེན་རབ་ནོར་བུ་མཆོག་གཙོ་བོའི་སློབ་དཔོན་དུ་བསྐོས་ཏེ་བོད་ཀྱི་གསོ་རིག་དང་སྐར་རྩིས་ཀྱི་ཆེད་ལས་ཤེས་ཡོན་སློབ་ཁྲིད་གནང་བ་ནས་ད་ལྟ་འཚོ་བཞུགས་ཀྱི་སྨན་རྩིས་སློབ་དཔོན་མཁས་པ་རྣམས་བྱུང་བ་ཡིན། ཞིབ་ཆའི་ལོ་རྒྱུས་སྐོར་མཚོ་སྔོན་ཞིང་ཆེན་གྱི་ལྔ་རིག་མཁས་དབང་ཟླ་མེད་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་མཛད་པའི《རྒྱ་རྩིས་ཀྱི་གོ་དོན》ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པ་དེ་དང་། པེ་ཅིན་དཔེ་མཛོད་ཁང་གི་རྩིས་རིག་མཁས་དབང་ཧོང་མིན་ཤིན་གྱིས་མཛད་པའི《ཚན་རིག་གི་སྒོ་ནས་དཔྱད་པའི་བོད་ཀྱི་སྐར་རྩིས་གོ་དོན》ཞེས་པ་སོགས་འབྲེལ་ཡོད་ཡིག་ཆར་གཟིགས།

language:
Tibetan

2. Thupten Phuntsok Dictionary

(སྐར་རྩིས) ཕྱི་རོལ་གྱི་ཉི་ཟླ་གཟའ་སྐར་སོགས་ཀྱི་འཁོར་བགྲོད་ལ་བརྟེན་ནས་དུས་ཀྱི་དབྱེ་བ་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ཆོས་ཉིད་ཤེས་ཐབས་ཀྱི་རྩིས་རིག་ཅིག་ལ་ཟེར། རིག་གནས་ལྔའི་གཞུང་ཕལ་ཆེ་བའི་ནང་སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་ཞེས་བཤད།

language:
Tibetan