Skip to main content Skip to search
bka' thang zangs gling ma
ID:
T223602
  • བཀའ་ཐང་ཟངས་གླིང་མ (Tibetan, Tibetan script, Original)
    • > bka' thang zangs gling ma (Tibetan, Latin script, Transliteration-THL Extended Wylie Transliteration)
    • > ka tang zangling ma (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གཏེར་ཆེན་མངའ་བདག་ཉང་རལ་པ་ཅན་ཉི་མ་འོད་ཟེར(རབ་བྱུང་གཉིས་པའི་ཤིང་འབྲུག༡༡༢༤ལོ་ནས་རབ་བྱུང་གསུམ་པའི་ཤིང་བྱི་༡༢༠༤ལོ་བར)གྱིས་གཏེར་ནས་བཞེས་པའི་སློབ་དཔོན་ཆེན་པོ་པདྨའི་རྣམ་ཐར་《རིན་ཆེན་གཏེར་མཛོད》ཀྱི་ནང་དུ་བཞུགས་པ་དེ་ཡིན། འདི་ལ་ལེའུ་ཞེ་གཅིག་ཡོད་པ་སྟེ། ༡རྒྱལ་པོ་ཨིནྡྲ་བོ་དྷིས་ཡབ་མཛད་པ་དང་རྒྱལ་སྲིད་བཟུང་བའི་ལེའུ། ༢དུར་ཁྲོད་དུ་སྤྱོད་པ་མཛད་པས་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ལེའུ། ༣་བླ་མ་བསྟེན་ཅིང་ཆོས་ཞུས་པ་ལ་བློ་སྦྱོང་ཚུལ། ༤མུ་སྟེགས་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཀའ་དྲིན་ཆེ་བ། ༥ཡང་ཕུར་གཉིས་ཀྱི་སྒོ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་སྒྲུབ་པ། ༦བོད་རྒྱལ་པོས་རྒྱལ་སྲིད་བཟུང་བ། ༧སློབ་དཔོན་བོདྷི་ས་ཏྭ་གདན་དྲངས་ནས་གཙུག་ལག་ཁང་རྨང་བཏིང་བ། ༨སློབ་དཔོན་གྱི་ཐུགས་རྗེས་དགོངས་ནས་བོད་ཡུལ་དུ་བྱོན་ནས་ཕོ་ཉ་བ་རྣམས་དང་མཇལ་བ། ༩བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་པ། ༡༠སློབ་དཔོན་པདྨ་ཕོ་བྲང་བྲག་དམར་དུ་སྤྱན་དྲངས་ནས་ས་གཞི་བཏུལ་བ། ༡༡དཔལ་གྱི་བསམ་ཡས་བཞེངས་ཏེ་རབ་གནས་མཛད་པ། ༡༢སློབ་དཔོན་རྣམ་གཉིས་དང་ལོ་ཙཱ་བ་སྐ་ཅོག་གཉིས་ཀྱིས་གསང་སྔགས་ཀྱི་ཆོས་བསྒྱུར་ཞིང་གཏན་ལ་ཕབ་པ། ༡༣སློབ་དཔོན་ནམ་མཁའི་སྙིང་པོ་གྲུབ་པ་ཐོབ་པ། ༡༤བེེ་རོ་ཙ་ན་རྒྱ་གར་དུ་ཆོས་ཚོལ་བར་སོང་ཞིང་ཚ་བའི་རོང་དུ་སྤྱུགས་པ། ༡༥རྒྱལ་པོས་ཆོས་ཁྲིམས་བཅས་པ། ༡༦སློབ་དཔོན་བི་མ་ལ་མི་ཏྲ་སྤྱན་དྲངས་པ་དང་། བེེ་རོ་ཙ་ན་སྤྱུགས་པ་ལ་འགྱོད་པ་སྐྱེས་པ། ༡༧་བསམ་ཡས་སུ་ཆོས་བསྒྱུར་ཞིང་གཏན་ལ་ཕབ་པ། ༡༨རྒྱལ་པོའི་སྐུའི་རིམ་གྲོ་བྱས་ཏེ་སྐུ་ཚེ་བསྲིངས་པ། ༡༩རྗེ་འབངས་རྣམས་ཀྱིས་སྒྲུབ་པ་མཛད་པ། ༢༠བསྟན་པ་སྲུང་བའི་ཕྱིར་དཀོར་སྲུང་དང་ངན་སྔགས་ཐམས་ཅད་བསྒྱུར་ཞིང་དམ་ཚིག་སྐོང་ཐབས་བསྟན་པ། ༢ཆོས་དང་གདམས་ངག་ཐམས་ཅད་གཏེར་དུ་སྦས་ཤིང་རྒྱལ་པོ་ལ་ལུང་བསྟན་པ། ༢༢བོད་ཀྱི་སྒྲུབ་གནས་རྣམས་སུ་ཞབས་ཀྱིས་བཅགས་ནས་ཐུགས་ཀྱི་གཏེར་སྒོ་བསྡམས་པ་དང་། ཞལ་གདམས་གནང་བ། ༢༣སློབ་དཔོན་པདྨ་ལྷོ་ནུབ་ཏུ་བཞུད་པར་དགོངས་པ། བོད་ཀྱི་རྗེ་འབངས་རྣམས་ཀྱིས་བཤོལ་བ་ལ་མ་གནང་བ། ༢༤བོད་ཀྱི་རྒྱལ་པོ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༢༥བོད་ཀྱི་བློན་པོ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༢༦བོད་ཀྱི་བཙུན་པ་ཕོ་མོ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༢༧བོད་ཀྱི་དགེ་བཤེས་སྟོན་པ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༢༨བོད་ཀྱི་སྔགས་པ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༢༩བོད་ཀྱི་སྒོམ་ཆེན་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༠བོད་ཀྱི་རྣལ་འབྱོར་པ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༡བོད་ཀྱི་སྐྱེ་བོ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༢བོད་ཀྱི་བུད་མེད་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༣་བོད་ཀྱི་ཡོན་བདག་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༤བོད་ཀྱི་སྨན་པ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༥་བོད་ཀྱི་དཔོན་སློབ་ཆོས་འབྲེལ་བྱེད་པ་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༦བོད་ཀྱི་སྤྱི་མཐུན་རྣམས་ལ་ཞལ་ཆེམས་སུ་བཞག་པ། ༣༧རྒྱལ་བློན་རྗེ་འབངས་རྣམས་ཀྱིས་སྤྱན་རས་གཟིགས་ཀྱི་གདམས་པ་ཞུས་པ། ༣༨ཐུགས་རྗེ་ཆེན་པོས་རིགས་དྲུག་གི་སེམས་ཅན་ལ་ཐུགས་རྗེས་གཟིགས་པ། ༣༩ཐུགས་རྗེ་ཆེན་པོའི་ཡི་གེ་དྲུག་པའི་ཕན་ཡོན། ༤༠སློབ་དཔོན་གྱིས་ཕྱག་ལན་དུ་མགུར་གསུངས་པ། ༤༡སློབ་དཔོན་པདྨ་ལྷོ་ནུབ་སྲིན་པོ་འདུལ་དུ་གཤེགས་ཏེ་ཕྱག་དང་སྐྱེལ་ལན་དུ་མགུར་གསུངས་པ་བཅས་ཡིན། བཀའ་ཐང་འདིར་བོད་ཀྱི་ལོ་རྒྱུས་ཐོག་རིན་ཐང་ཆེ་བའི་དཔྱད་གཞི་མང་པོ་ཡོད་ཅིང་། དོགས་པ་སྐྱེ་དགོས་པའི་གནད་དོན་ཉུང་ཤས་དཔེར་ན། སློབ་དཔོན་ཀ་མ་ལ་ཤྰི་ལ་རྒྱ་ནག་ནས་བྱོན་པ་དང་། སློབ་དཔོན་པདྨ་དང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཐོག་མར་མཇལ་སྐབས་ཕྱག་འཚལ་ལུགས་ལ་མ་མཐུན་པ་བྱུང་བ། བཙན་པོ་ཁྲི་སྲོང་ལྡེ་བཙན་དགུང་ལོ་དྲུག་ཅུ་རེ་དགུ་བར་དུ་བཞུགས་པ་དང་། གཤེགས་པའི་ལོ་དེར་སྲས་མུ་ཏིག་བཙན་པོས་སྲིད་དབང་བཟུང་བ། དེ་ནས་ལོ་ཁ་ཤས་རྗེས་སློབ་དཔོན་ལྷོ་ནུབ་སྲིན་པོ་འདུལ་ཕྱིར་ཕེབས་པ་སོགས་ལོ་རྒྱུས་ཀྱི་གོ་རིམ་གསལ་ཡང་《བཀའ་ཐང་ཤེལ་བྲག་མ》དང《རྦ་བཞེད》སོགས་ལོ་རྒྱུས་བྱིངས་དང་མི་མཐུན་པར་སྣང་བས་མཁས་པའི་དབང་པོ་རྣམས་ཀྱིས་དཔྱད་པར་ཞུ།

language:
Tibetan

2. Thupten Phuntsok Dictionary

གཏེར་ཆེན་མངའ་བདག་ཉང་རལ་པ་ཅན་ཉི་མ་འོད་ཟེར་ (རབ་བྱུང་གཉིས་པའི་ཤིང་འབྲུག༡༡༢༤ལོ་ནས་རབ་བྱུང་གསུམ་པའི་ཤིང་བྱི་༡༢༠༤ལོ་བར) གྱིས་གཏེར་ནས་བླངས་པའི་སློབ་དཔོན་ཆེན་པོ་པདྨའི་རྣམ་ཐར་རིན་ཆེན་གཏེར་མཛོད》ཀྱི་ནང་དུ་བཞུགས་པ་དེ་ཡིན།

language:
Tibetan