Skip to main content Skip to search
bka' blon shag
ID:
T223646
  • བཀའ་བློན་ཤག (Tibetan, Tibetan script, Original)
    • > bka' blon shag (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kalön shak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

བཀའ་ཤག་ནི་སྔོན་དུས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུས་བཙུགས་ཡོད་པ་སྡེ་སྲིད་རང་ཉིད་ཀྱིས་མཛད་པའི《ཁྲིམས་ཡིག་དྭངས་ཤེལ་མེ་ལོང》གི་དོན་ཚན་གསུམ་པ་བཀའ་བློན་གྱི་བྱེད་སྒོའི་འགོ་བརྗོད་ནང་འཁོད་འདུག་པ་མ་ཟད། 《བོད་ཀྱི་ལས་དོན་སྐོར་གྱི་རྩ་འཛིན}དོན་ཚན་བཅུ་གསུམ་པར་བཀའ་བློན་ཐམས་ཅད་ལས་ཀ་དབྱེ་འབྱེད་བྱས་པ་ལ་སྔ་སོར་ནས་བཀའ་ཤག་གི་ཁང་པ་ཡོད་འདུག་ཀྱང་། རྗེས་སོར་ཕོ་ལྷ་ནས་ཀྱི་དུས་ལ་བཀའ་བློན་ཐམས་ཅད་སྤྱི་ཁང་བཀའ་ཤག་ཏུ་མ་ཕྱིན་པར་སྒེར་ཁང་དུ་ལས་ཀ་བྱེད་འདུག་ཅིང་ཞེས་གསལ་བ་བཅས་བཀའ་ཤག་གི་ཁང་པ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུས་ནས་ཡོད་འདུག་ཅིང་། བཀའ་ཤག་འཚོགས་ཡུལ་གྱི་ཁང་པ་ཡང་ཐོག་མར་ལྷ་ས་གཙུག་ལག་ཁང་གི་གཞུང་སྒོའི་ཡང་སྟེང་གི་ཚོམས་ཆེན་ཁམས་གསུམ་ནང་མཉམ་ཚོགས་བྱེད་ཀྱི་ཡོད་པ《མི་དབང་རྟོགས་བརྗོད》ནང་གསལ། རབ་བྱུང་བཅུ་གསུམ་པའི་མེ་ཡོས(༡༧༤༧)ལོར་བོད་ས་གནས་ཀྱི་སྲིད་སྐྱོང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ནད་མནར་གྱིས་འདས་རྗེས། ཁོང་གི་བུ་འགྱུར་མེད་རྣམ་རྒྱལ་ལ་གོང་མ་ཆེན་ལུང་གིས་ཐོ་ཀྱུན་ཇུན་ཝང་ཞེས་པའི་གོ་གནས་གནང་སྟེ་སྲིད་སྐྱོང་དུ་བསྐོས་ནས་ལོ་ངོ་བཞི་ཙམ་སྲིད་དབང་བཟུང་རིང་བོད་ས་གནས་སུ་ཡོད་པའི་ཨམ་བན་གཉིས་ལ་བརྩི་འཇོག་མི་བྱེད་པ་མ་ཟད། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ལ་ཡང་རང་གི་ཕའི་དུས་ཀྱི་ཞེ་ནད་འཁོན་འཛིན་ཆེན་པོས་བརྙས་བཅོས་སྐྱོན་འདོགས་ཀྱི་གནོད་འཚེ་ཡང་ཡང་གཏོང་གི་ཡོད་པ་བཅས་ཀྱི་གནས་ཚུལ་སྐོར་ཨམ་བན་ཧྥུ་ཆིན(傅Çå)དང་ལབ་ཏུན(拉布敦)གཉིས་ཀྱིས་གོང་མར་སྙན་ཞུ་ཕུལ་བར་བརྟེན་གོང་མས་བཀའ་ཕབ་པ་ལྟར་ཨམ་བན་གཉིས་ཀྱིས་ཝང་འགྱུར་མེད་རྣམ་རྒྱལ་དང་རྗེས་འབྲང་དཔོན་གཡོག་ཁག་གཅིག་བཅས་ཁྲོམ་གཟིགས་སྒང་དུ་ཐུགས་སྤྲོར་བོས་ཐོག། གློ་བུར་འཇབ་རྒོལ་གྱི་ཐབས་ཤེས་ལ་བརྟེན་ནས་གཅིག་ཀྱང་མ་ལུས་པ་སྲོག་ཐོག་ཏུ་བཏང་ཞིང་། འགྱུར་མེད་རྣམ་རྒྱལ་གྱི་མགྲོན་གཉེར་བློ་བཟང་བཀྲ་ཤིས་སོགས་ཀྱིས་ཨམ་བན་གཉིས་སོགས་ལྷ་སར་ཡོད་པའི་རྒྱ་ཡི་དཔོན་རིགས་དང་ཚོང་པ་སོགས་དམར་གསོད་གཏོང་བའི་ཟིང་འཁྲུགས་ཚབས་ཆེན་བསླངས་སྐབས་ཏཱ་ལའི་བླ་མ་རིན་པོ་ཆེ་དང་བཀའ་བློན་རྡོ་རིང་གུང་གཉིས་ཀྱིས་ཟིང་ཆ་བཀག་འདོམས་ཀྱི་བཀའ་ཁྱབ་བསྒྲགས་ཐོག་ལྷ་སར་ཡོད་པའི་རྒྱ་ཡི་དཔོན་རིགས་དང་ཚོང་པ་ལྷག་ལུས་མི་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད་ཚད་པོ་ཏཱ་ལར་བསྡུ་འགུགས་སྲུང་སྐྱོབ་དང་། འཚོ་བའི་ཐད་ལྟ་སྐྱོང་གང་ཟབ་གནང་བ། དུས་མཚུངས་གོང་མ་ཆེན་ལུང་ལ་ཡང་བདེ་འཇགས་ཀྱི་གནས་ཚུལ་སྙན་ཞུ་འབུལ་གནང་བཅས་ལ་བརྟེན། གོང་མས་སླད་ཕྱིན་བོད་ས་གནས་ཀྱི་སྡེ་སྲིད་ལམ་ལུགས་མི་དགོས་པ་བྱས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབང་ཆ་ཡོངས་རྫོགས་ཏཱ་ལའི་བླ་མས་བཟུང་གནང་མཛད་རྒྱུའི་ཐོག་ཞབས་ཕྱིར་བཀའ་བློན་བཞི་བསྐོས་པའི་བཀའ་ཕབ་ནས་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག(༡༧༥༡)ལོར་བཀའ་ཤག་བསྐྱར་དུ་བཙུགས་ཤིང་། ཚུགས་ཡུལ་ཀྱང་གཙུག་ལག་ཁང་གི་ལྷོ་སྐོའི་ཡང་སྟེང་དུ་སྤོས་ཏེ། རྟེན་གྱི་གཙོ་བོར་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་བཞུགས་སུ་གསོལ་ཐོག། བཀའ་ཤག་གི་ཐམ་ཀ་སྲིད་ཞི་བདེ་སྐྱིད་ཅེས་ཁ་རིས་སུ་འཁོད་པ་གསར་བསྐོས། བཀའ་བློན་རྣམས་ཉིན་ལྟར་བཀའ་ཤག་ཏུ་མཉམ་འཛོམས་ཀྱིས་སྲིད་དོན་ལས་ཀ་བྱེད་པའི་སྲོལ་བསྐྱར་གསོ་གནང་ཞིང་སྐབས་དེའི་བཀའ་བློན་གྱི་དབུ་བཞུགས་བཀའ་བློན་ཁྲི་པ་ནི། རྡོ༌་རིང་གུང་པནྜི་ཏ། ལས་རོགས་སུ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། ཐོན་པ་སྲི་གཅོད་ཚེ་བརྟན། བཀའ་བློན་སེར་མོ་བ་ཛ་སག་ཉི་མ་རྒྱལ་མཚན་བཅས་བཞི་དང་། བཀའ་བློན་གྱི་འོག་ཏུ་བཀའ་དྲུང་གཉིས་དང་། བཀའ་མགྲོན་གསུམ། བཀའ་བློན་རེར་འགག་པ་རེ་བཅས་ཡོད། (དེ་ཚོའི་གོ་དོན་སྐོར་གོང་གསལ་མིང་ཚིག་འགྲེལ་བཤད་དུ་གཟིགས)བཀའ་ཤག་ལ་བཀའ་ཤག་སྟེང་དང་བཀའ་ཤག་ཤོད་བཅས་གཉིས་ཡོད་པའི་བཀའ་ཤག་སྟེང་ནི། བཀའ་བློན་བཞི་དང་། དྲུང་ཡིག་གཉིས། མགྲོན་གཉེར་གསུམ་བཅས་ཀྱི་སྲིད་དོན་ལས་ཀ་ཚོགས་ཡུལ་དེ་ཡིན། བཀའ་ཤག་ཤོད་ནི། ཤོད་སྐོར་རིམ་པ་བདུན་པའི་ལས་ཚན་པ་དྲུང་ཡིག་ཆུང་བ་གསུམ་ཡོད་པ་ཁོང་ཚོའི་ལས་འགན་ནི། རྟ་ཁལ་ལམ་ཡིག་ཐོང་འཛིན་སྒྱུར་རྒྱུ་དང་། རྫོང་གཞིས་ཁག་གི་གཞུང་གཏོགས་དགོན་སྡེ་རྣམས་ལ་ཉི་ལྡོག་ཞབས་བརྟན་སྒྲུབ་རྒྱུའི་དཔྱད་ཁྲ། དགྱེས་སྟོན་ཁག་གི་སྡེར་གཞུང་། ཆིབས་རགས་གྲལ་ཐོ། མཆོད་འབུལ་ལག་དེབ། རྫོང་གཞིས་འཕོ་ལེན་གྱི་སྤྲོད་རྒྱ་དང་ལམ་ཡིག་ཁག་བཀའ་ཤག་བརྒྱུད་རྩེ་ཤོད་དུ་སྙན་ཁུར་གཏོང་རྒྱུ། གཞན་ཡང་བཀའ་ཤག་གི་ལས་དོན་ཙག་ཙིག་གི་ཐོ་ཟུར་ཡོད་ལྟར་སྒྲུབ་རྒྱུ་བཅས་ཡིན། བཀའ་ཤག་ནི་དེ་སྔའི་བོད་ས་གནས་སྲིད་གཞུང་གི་སྲིད་འཛིན་དབང་ཆ་ཚང་མ་ཡོད་པའི་ལས་ཁུངས་མཐོ་ཤོས་དེ་ཡིན་ཅིང་། དེར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དམག་དོན་བཅས་ཀྱི་འགན་དབང་ཡོད་པ་དང་། གནད་དོན་གལ་ཆེའི་རིགས་བཀའ་བློན་བཞིས་གྲོས་བསྡུར་ཐོག་ནས་ཐག་གཅོད་ཀྱི་འཆར་གཞི་བཟོས་ཏེ་ཏཱ་ལའི་བླ་མ་དང་སྲིད་སྐྱོང་ལ་འབུལ་དགོས་པ་དང་། འཆར་གཞི་ཕུལ་བ་དེར་ཕྱག་རྟགས་གང་ཕེབས་ལྟར་བཀའ་ཤག་གིས་ཐག་གཅོད་བྱེད་དགོས། བཀའ་བློན་མི་སྒེར་སོ་སོར་ལས་བགོས་དམིགས་བསལ་ཅན་གྱི་འགན་དབང་གང་ཡང་མེད་ཚོད་རེད། བཀའ་ཤག་ནང་བཀའ་བློན་ཐུན་མོང་གིས་གྲོས་བསྡུར་བྱས་ནས་ཐག་གཅོད་བྱ་ཐབས་མེད་པའི་དོན་གནད་གལ་ཆེན་ས་མཚམས་སྐོར་དང་། དམག་དོན། སྲིད་དོན་རྙོག་འཛིང་ཆེ་བའི་རིགས་རྣམས་དྲུང་རྩིས་བརྒྱད་སྦྲེལ(དྲུང་ཡིག་ཆེན་མོ་བཞི་དང་། རྩིས་དཔོན་བཞི་བཅས་མཉམ་ཚོགས)ལ་གྲོས་བསྡུར་གྱིས་ཐག་གཅོད་དང་དེས་ཀྱང་ཐག་གཅོད་མ་ཐུབ་ན་བོད་ལྗོངས་ཚོགས་འདུ་ཧྲག་བསྡུས་རྒྱས་པ་སྟེ། གདན་ས་གསུམ་གྱི་མཁན་པོ་ལས་སྣེ། ཛ་སག། ཐའི་ཇི། དྲུང་རྩིས་བརྒྱད། དམག་སྤྱི། རྩེ་མཁན་མགྲོན་ཆེ་བ། སྣེ་མགྲོན་མཁན་ཆུང་། སྐུ་སྲུང་མདའ་དཔོན། རྩེ་ཤོད་གཉིས་ཀྱི་ལས་ཚན་དང་། དྲུང་དཀྱུས་འཐུས་མི་བཅས་མཉམ་འཛོམས་ཀྱི་ཚོགས་འདུ་འཚོགས་ནས་ཐག་གཅོད་བྱ་རྒྱུ་དང་། ད་དུང་དེས་ཀྱང་ཐག་མ་ཆོད་པའི་གནད་དོན་རྙོག་འཛིང་ཅན་གྱི་རིགས་རྣམས་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཞེས་གཞུང་ཞབས་སེར་སྐྱ་ཡོངས་རྫོགས་དང་ལྷ་སར་ཡོད་པའི་བཀྲ་ཤིས་ལྷུན་པོའི་བླ་བྲང་གི་མི་སེར་འགོ་པ། དམག་སྒར་ཁག་གི་རུ་བརྒྱ་ལྡིང་གསུམ་གྱི་དཔོན་རིགས། རྩེ་ཤོད་ཕྱག་ནང་། གདན་ས་ཁག་གི་ལས་སྣེ་དབུ་ཆོས། ཁང་ཚན་སོ་སོའི་དགེ་རྒན། དབུས་གཙང་ཚོ་ཆེན། མདོ་སྨད་ཁུལ་གྱི་སྨར་མཛོ་གསང་གསུམ་གྱི་མི་སེར་འགོ་པ། གཞུང་སོག་འཐུས་མི་བཅས་མཉམ་འཛོམས་ཀྱི་ཚོགས་འདུ་འཚོགས་ནས་གྲོས་བསྡུར་ཐོག་འཆར་གཞི་བཀོད་དེ་ཏཱ་ལའི་བླ་མའམ་སྲིད་སྐྱོང་ལ་ཕྱག་རྟགས་ཞུ་དགོས་པ་བཅས་ཡིན། ཞིབ་པར《མི་དབང་རྟོགས་བརྗོད》དང་། 《བཀའ་བློན་རྟོགས་བརྗོད》《རྡོ་རིང་པཎྜི་ཏའི་རྣམ་ཐར》སྟོད་ཆ་བཅས་སུ་གཟིགས།

language:
Tibetan

2. Thupten Phuntsok Dictionary

བཀའ་ཤག་ནི་སྔོན་དུས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུས་བཙུགས་ཡོད་པ་སྡེ་སྲིད་རང་ཉིད་ཀྱིས་མཛད་པའིཁྲིམས་ཡིག་དྭངས་ཤེལ་མེ་ལོང》གི་དོན་ཚན་གསུམ་པ་བཀའ་བློན་གྱི་བྱེད་སྒོའི་འགོ་བརྗོད་ནང་འཁོད་ཡོད་དོ། རྒྱས་པར་དུང་དཀར་ཚིག་མཛོད་ལ་གཟིགས།

language:
Tibetan