- bkra shis sgo mang grwa tshang pa
- ID:
- T223723
- བཀྲ་ཤིས་སྒོ་མང་གྲྭ་ཚང་པ (Tibetan, Tibetan script, Original)
- > bkra shis sgo mang grwa tshang pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > tashi go mang dratsang pa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འབྲས་སྤུངས་སྒོ་མང་གྲྭ་ཚང་། འཇམ་དབྱངས་ཆོས་རྗེའི་དངོས་སློབ་དྲུང་གྲགས་པ་རིན་ཆེན་གྱིས་ཕྱག་བཏབ་པར་ལོ་རྒྱུས་ཡིག་ཆ་མང་པོར་གསལ། ངག་རྒྱུན་དུ། འབྲས་སྤུངས་ཚོགས་ཆེན་འཚོགས་ཡུལ་ཐོག་མར་སྒོ་མང་གྲྭ་ཚང་དུ་ཡིན་པ་དང་། རྗེས་སུ་ཚོགས་ཆེན་འདུ་ཁང་གསར་བཞེངས་གྲུབ་རྗེས་གནས་སྤོས་མཛད་པ་ཡིན་ཞེས་ཟེར་སྲོལ་འདུགརབ་བྱུང་བཅུ་གཉིས་པའི་ཤིང་གླང(༡༧༤༥)ལོར་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་སྦྱིན་བདག་བྱས་ཏེ་ད་ལྟའི་འདུ་ཁང་ཀ་བ་བརྒྱ་དང་བརྒྱད། སྒོ་འཕྱོར་ཀ་བ་བཅུ་གཉིས་དང་བཅས་པའི་རྒྱ་ཁྱོན་ཀ་བ་བརྒྱ་དང་ཉི་ཤུའི་ས། རུང་ཁང་ཀ་བ་དགུའི་ས་ཡོད་པ་བཅས་གསར་བཞེངས་བྱས་ཚུལ《སྒོ་མང་གྲྭ་ཚང་གི་དཀར་ཆག》ནང་གསལ། གྲྭ་ཚང་འདིར་ཁང་ཚན་བཅུ་དྲུག་ཡོད་པ་སྟེ། ༡ཧར་གདོང་ཁང་ཚན་ནི། སྟོད་སོག། ཨ་ལག་ཤ། ཤིན་ཅང་བཅས་ཀྱི་སོག་རིགས་དང་། ནང་སོག་ཁག་གཅིག། འདམ་དང་། ནག་ཆུའི་འབྲོག་པ། སྟོད་ལུང་དང་། ཡངས་པ་ཅན། འཕན་པོ་བཅས་ཀྱི་དབུས་པ་ཁག་གཅིག་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས་ཡིན། ༢བསམ་བློ་ཁང་ཚན་ནི། ཨ་མདོ་ཁུལ་ཁག་གཅིག་དང་། མཚོ་སྔོན་གྱི་སོག་རིགས། བོད་བྱང་ཁུལ་གྱི་འབྲོག་པ་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས། ༣གུང་རུ་ཁང་ཚན་ནི། བར་ཁམས་ཚ་བ་དཔའ་ཤོད། ཤོ་པ་མདོ། སྟར་རྫོང་། ལྷོ་རྫོང་བཅས་དང་། དབུས་ནས་འབྲི་གུང་པ་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས། ༤བྲ་ཏི་ཁང་ཚན་ནི། ཅོ་ནེ། ཆས་པ་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས། ༥ཀླུ་འབུམ་ཁང་ཚན་ནི། མཚོ་སྔོན་གྱི་རེབ་གོང་། རྡོ་སྦིས། ཨ་རིག་བཅས་ཀྱི་གྲྭ་རྒྱུན་ཐོན་ཁུངས་ཐོབ་ཁུངས། ༦ཏཱ་དབེན་ཁང་ཚན་ནི། ཀན་སུའུ་ཁོངས་ཟམ་ཚ། མཛོད་དགེ་སྨད། ཧོར་ཚང་ཡོངས་རྫོགས། ཀླུ་ཆུ་ཤིས་ཚང་རྫོང་གི་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས། ༧ཐེ་པོ་ཁང་ཚན་ནི། ཟི་ཁྲོན་ཁོངས་མཛོད་དགེ་ཤོག་བཅུ་གཉིས། འཕན་ཕྱི་ཤོག་བདུན། དི་ཉག་ཤོག་ལྔ། ཐེ་པོ་ཁུལ་མང་ཆེ་བ། འབྲུག་ཆུ་རྫོང་གི་ཕྱེད་ཀ་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས། ༨གཞུང་པ་ཁང་ཚན་ནི། ཨ་མདོ་ཟམ་ཚ་རོང་པ་ཡོངས་རྫོགས། ཀན་སུའུ་བསང་ཆུ་སྟོད་སྨད། འབོ་ར། ཨ་མཆོག་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས། ༩འགག་ཤིང་ཁང་ཚན་ནི། མཚོ་སྔོན་གྱི་དན་ཏིག། ཡང་ཏིག། མཛོ་མོ་མཁར་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས། ༡༠གྲ་ཉེ་ཁང་ཚན་ནི། ཀན་སུའུ་ཁོངས་གཙོས་ལྷ་ཁང་། རྫ་ཡིས། རྒན་གྱ། བཀྲ་ཤིས་འཁྱིལ་གྱི་ཐ་བ། བསང་ཆུ་ཁོངས་ཀྱི་རོང་པ་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས། ༡༡ཟུང་ཆུ་ཁང་ཚན་ནི། ཨ་མདོ་ཁོངས་ཟུང་འཕན་ཡོངས་རྫོགས། རྔ་བ་ཁུལ་མང་ཆེ་བ། མགོ་ལོག་གི་ཁང་གསར། ཁང་རྒན་བཅས་ནས་ཡོང་བའི་གྲྭ་རྒྱུན་ཐོབ་ཁུངས། ༡༢ཆུ་བཟང་ཁང་ཚན་ནི། མཚོ་སྔོན་གྱི་ཆུ་བཟང་དང་དབུས་ཁུལ་སྟོད་ལུང་པ་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས། ༡༣བྱ་བྲལ་ཁང་ཚན་ནི། ཀན་སུའུ་བསང་ཆུ་རྫོང་ཁོངས་ཀྱི་དངུལ་ར། མཛོད་དགེ་ཉི་མ་ཆོས་འཁོར་ཁག་གསུམ། མཚོ་སྔོན་མགོ་ལོག་རྫ་ཆུ་ཁ། ཨ་རིག་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས། ༡༤རེབ་རྩ་ཁང་ཚན་ནི། ཀན་སུའུ་ཁོངས་རེབ་ཙ་ཁག་བཞི་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས། ༡༥ཆས་པ་ཁང་ཚན་ནི། ཅོ་ནེ་ཆས་བུ་ཤིས་པ། བདེ་ཐང་ཡ་རུ་མ་རུ། ས་དམར། ཨ་འཁོར། ཕྱེ་རོ་ཁོག་བཅས་ཀྱི་གྲྭ་རྒྱུན་ཐོབ་ཁུངས། ༡༦མངའ་རིས་ཁང་ཚན་ནི། སྟོད་མངའ་རིས་ཀྱི་གྲྭ་རྒྱུན་ཐོབ་ཁུངས་བཅས་ཡིན། གཞན་ཡང་ཁང་ཚན་ཁོངས་གཏོགས་ཀྱི་མི་ཚན་སྐོར། ཧར་གདོང་ཁང་ཚན་ཁོངས་མི་ཚན་དྲུག་སྟེ། ༡ཧོར། ༢ཇུར་ཆེད། ༣མཚོཁ། ༤བཙན་པོ། ༥ཐོར་ཁོད། ༦ཝ་ཤུལ)བསམ་བློ་ཁང་ཚན་ཁོངས་མི་ཚན་དྲུག་སྟེ། (༡ཁལ་ཁ། ༢དགོན་ལུང་། ༣བིས་མདོ། ༤ཐོ་རིལ། ༥ལམ་པ། ༦དགའ་གདོང་། ཟུང་ཇུ་ཁང་ཚན་ཁོངས་མི་ཚན་གཅིག་སྟེ་ཉན་པོ་མི་ཚན་བཅས་ཁྱོན་བསྡོམས་མི་ཚན་བཅུ་གསུམ་ལ་དགེ་འདུན་ཞལ་གྲངས་སུམ་སྟོང་ཡས་མས་ཡོད་ཀྱང་། དུས་རབས་བཅོ་བརྒྱད་པའི་མཇུག་ཙམ་ནས་ཨོ་མདོ་དང་སོག་ཡུལ་ཕྱོགས་ནས་བོད་དུ་གྲྭ་རྒྱུན་ཡོང་མཁན་ཇེ་ཉུང་ལ་སོང་བར་བརྟེན། ཧར་བསམ་གཉིས་སོགས་ཀྱི་གྲྭ་རྒྱུན་ཡང་རིམ་བཞིན་ཉུང་དུ་སོང་། གྲྭ་ཚང་འདི་ནས་བསྟན་འཛིན་གྱི་སྐྱེས་ཆེན་མཚན་སྙན་ཡོངས་སུ་ཁྱབ་པ་མང་དུ་བྱུང་བའི་ནང་ནས་གྲགས་ཆེ་བ་ནི། འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་དང་། ལྕང་སྐྱ་སྐུ་ཕྲེང་རིམ་བྱོན། ཐུའུ་བཀྭན་སྐུ་ཕྲེང་དང་། ལྕང་ལུང་པནྜི་ཏ་། གུང་ཐང་ཁྲི་ཆེན། བཙན་པོ་ནོ་མིན་ཧན། སྨིན་གྲོལ་ཧོ་ཐོག་ཐུ། རྟ་ཚག་ཧོ་ཐོག་ཐུ། འོན་རྒྱལ་སྲས་སོགས་ཡིན། དགའ་ལྡན་ཁྲི་ལ་ཕེབས་པའི་གྲས། ཁྲི་ཐོག་དགུ་པ་བློ་བཟང་ཉི་མ། ཁྲི་ཐོག་བཅུ་དྲུག་པ་རྒྱ་ར་ཆོས་སྐྱོང་རྒྱ་མཚོ། ཁྲི་ཐོག་སུམ་ཅུ་པ་བློ་གྲོས་རྒྱ་མཚོ། ཁྲི་ཐོག་ཞེ་བཞི་པ་རྒྱ་ནག་པ་བློ་གྲོས། ཞེ་བདུན་པ་སྦྱིན་པ་རྒྱ་མཚོ། ཞེ་བརྒྱད་པ་དོན་གྲུབ་རྒྱ་མཚོ། ལྔ་བཅུ་པ་དགེ་འདུན་ཕུན་ཚོགས། ང་གཅིག་པ་དཔལ་ལྡན་གྲགས་པ། ང་གསུམ་པ་རྒྱལ་མཚན་སེང་གེ། ང་ལྔ་པ་ནམ་མཁའ་བཟང་པོ། བདུན་ཅུ་པ་ངག་དབང་ཆོས་འཕེལ། གྱ་གཅིག་པ་ངག་དབང་ནོར་བུ་བཅས་ཁྲི་ལ་ཕེབས་པ་བཅུ་གཉིས་ཙུམ་བྱུང་། གྲྭ་ཚང་འདིའི་ནང་ཡོད་པའི་སྐུ་གསུང་ཐུགས་རྟེན་དང་། མཁན་རབས་རོམ་བྱོན། སློབ་གཉེར་ཡིག་ཆ། སློབ་གཉེར་གྱི་སྒྲིག་སྲོལ། གྲྭ་ཚང་གི་སྒྲིག་གཞི། མཆོད་གཞིས་ཁག། དཔལ་འབྱོར་གྱི་གནས་ཚུལ་བཅས་ཀྱི་ཡིག་ཆ་བཅས་རིང་པོར་མི་ཐོགས་པར་ཐོན་པར་འགྱུར་བས་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བཀོད་དོ།
- language:
- Tibetan
2. Thupten Phuntsok Dictionary
འབྲས་སྤུངས་སྒོ་མང་གྲྭ་ཚང་། འཇམ་དབྱངས་ཆོས་རྗེའི་དངོས་སློབ་དྲུང་གྲགས་པ་རིན་ཆེན་གྱིས་ཕྱག་བཏབས་པར་ལོ་རྒྱུས་ཡིག་ཆ་མང་པོར་གསལ། ངག་རྒྱུན་དུ། འབྲས་སྤུངས་ཚོགས་ཆེན་འཚོགས་ཡུལ་ཐོག་མར་སྒོ་མང་གྲྭ་ཚང་དུ་ཡིན་པ་དང་། རྗེས་སུ་ཚོགས་ཆེན་འདུ་ཁང་གསར་བཞེངས་གྲུབ་རྗེས་གནས་སྤོས་མཛད་པ་ཡིན་ཞེས་ཟེར་སྲོལ་འདུག རབ་བྱུང་བཅུ་གཉིས་པའི་ཤིང་གླང (༡༧༤༥) ལོར་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་སྦྱིན་བདག་བྱས་ཏེ་ད་ལྟའི་འདུ་ཁང་ཀ་བ་བརྒྱ་དང་བརྒྱད། སྒོ་འཕྱོར་ཀ་བ་བཅུ་གཉིས་དང་བཅས་པའི་རྒྱ་ཁྱོན་ཀ་བ་བརྒྱ་དང་ཉི་ཤུའི་ས། རུང་ཁང་ཀ་བ་དགུའི་ས་ཡོད་པ་བཅས་གསར་བཞེངས་བྱས་ཚུལསྒོ་མང་གྲྭ་ཚང་གི་དཀར་ཆག》ནང་གསལ།
- language:
- Tibetan