Skip to main content Skip to search
skar chung rdo rje dbyings lha khang
ID:
T224053
  • སྐར་ཆུང་རྡོ་རྗེ་དབྱིངས་ལྷ་ཁང (Tibetan, Tibetan script, Original)
    • > skar chung rdo rje dbyings lha khang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > karchung dorjeying lhakhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

འདི་ལ《ཆོས་འབྱུང་མཁས་པའི་དགའ་སྟོན》དང《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》གཉིས་སུ་དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་ཞེས་འཁོད་པ་ནི་ཡི་གེ་མ་དག་པ་སྟེ། དེ་གཉིས་ཀར་ལྷ་ཁང་འདིའི་གོ་དོན་འགྲེལ་བཤད་ཀྱི་སྐབས་སུ་ལྷ་ཁང་འདིའི་ཆེ་ཚད་སྐར་མ་ཆུང་བ་ཞིག་གི་ཚད་ཙམ་ཡོད་པར་གསལ་བ་མ་ཟད། 《སྐར་ཆུང་ལྷ་ཁང་གི་རྡོ་རིང》ངོ་མའི་ཡིག་ཕྲེང་བཅུ་དྲུག་པར་ལྡེ་སྲོང་བཙན་གྱི་རིང་ལ་ཡང་། སྐར་ཆུང་གཙུག་ལག་ཁང་ཞེས་དང་། 《ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང》དང《རྒྱ་བོད་ཡིག་ཚང》སོགས་ལོ་རྒྱུས་ཡིག་རྙིང་མང་ཆེ་བར་སྐར་ཆུང་ཞེས་གསལ་བ་ལྟར་ཡིན། ལྷ་ཁང་འདི་བཙན་པོ་ཁྲི་ལྡེ་སྲོང་བཙན་ནམ་མཚན་གཞན་མུ་ཏིག་བཙན་པོ་དང་། སད་ན་ལེགས་ཞེས་འབོད་པ་དེས་བཞེངས་པའི་ལྷ་ཁང་ཞིག་སྟེ། ལྷ་སའི་སྐྱིད་ཆུའི་ལྷོ་ནུབ་ཕྱོགས་ར་མ་སྒང་གི་ཉེ་འདབས་སངས་རྒྱས་དགོན་པ་ཡོད་ས་དེ་ཡིན་ཚུལ་མཁས་དབང་དགེ་འདུན་ཆོས་འཕེལ་དང་ལྷན་དུ་ས་གནས་དེར་ཕེབས་མྱོང་བའི་སྐུ་ཞབས་ཧོར་ཁང་བསོད་ནམས་དཔལ་འབར་མཆོག་སིས་གསུངས་འདུགལྷ་ཁང་འདི་དུས་སྐབས་གང་དུ་བཞེངས་པའི་ལོ་ཁམས་གསལ་བར་འཁོད་པ་ཞིག་ད་ཕན་མ་མཐོང་ཞིང་། སྐར་ཆུང་ལྷ་ཁང་ཀི་བཀའ་གཙིགས་ཡི་གེ་རྒྱས་པ《ཆོས་འབྱུང་མཁས་པའི་དགའ་སྟོན》ལྕགས་དཔར་མའི་སྟོད་ཆ་ཤོག་གྲངས༤༠༩ནས༤༡༣བར་གསལ་བ་དེའི་མཇུག་ཏུ་མནའ་གཙིགས་ལ་ཞུགས་པའི་བློན་པོའི་མིང་ཐོའི་ནང་བན་དེ་བཀའ་ཆེན་པོ་ལ་གཏོགས་པ་བན་དེ་བྲན་ཀ་ཡོན་ཏན། བན་དེ་མྱང་ཏིང་འཛིན། ཆབ་སྲིད་ཀྱི་བློན་པོ་བཀའ་ཆེན་པོ་ལ་གཏོགས་པ་བློན་ཆེན་པོ་འབྲོ་ཁྲི་གཟུ་རམ་ཤགས། ཞང་མཆིམས་རྒྱལ་བཙན་གཞེར་ལེགས་གཟིགས། དབས་མང་རྗེ་ལྷ་ལོད་བཅས་ཀྱི་མིང་འཁོད་པར་བརྟགས་ན་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་ཚེའི་སྨད་ཙམ་ལ་ཡིན་པར་ཚོད་དཔག་བྱས་པ་ཡིན། ལྷ་ཁང་འདིར་རྟེན་གྱི་གཙོ་བོ་རྡོར་དབྱིངས་ཀྱི་ལྷ་ཚོགས་ཆ་ཚང་བར་བཞུགས་པར་བརྟེན་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཞེས་མཚན་ཐོགས་པ་ཡིན་འདུག་ཀྱང་། རྒྱལ་པོ་གླང་དར་མས་ཆོས་བསྣུབས་པའི་སྐབས་བཤིག་པ་ཡིན་ཚོད་ལས་ལོ་རྒྱུས་ཞིབ་ཆ་ད་ཕན་མ་མཐོང་ཞིང་། རྗེས་སུ་འབྲུག་པ་བཀའ་བརྒྱུད་པའི་སྐྱེས་ཆེན་དམ་པ་ཞིག་གིས་ཉམས་གསོ་དང་རྟེན་བཞེངས་མཛད་པར་སྣང་སྟེ་སྲུང་མའི་ལྷ་སྐུའི་གྲས་སུ་འབྲུག་པ་བཀའ་བརྒྱུད་ཀྱི་སྲུང་མ་ཇག་པ་མེ་ལེན་གྱི་སྐུ་ཡོད་པ་ལས་ཤེས་རྟོགས་ཐུབ་པ་ཡིན། ལྷ་ཁང་འདིའི་ཉེ་འགྲམ་དུ་བཀའ་གཙིགས་ཀྱི་རྡོ་རིང་གཉིས་ཡོད་པར་སྣང་ཞིང་དེའི་སྐོར་གཤམ་གསལ་སྐར་ཆུང་རྡོ་རིང་ཞེས་པར་གཟིགས།

language:
Tibetan

2. Thupten Phuntsok Dictionary

འདི་ལ་ཆོས་འབྱུང་མཁས་པའི་དགའ་སྟོན》དང་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》གཉིས་སུ་དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་རྒྱལ་མོའི་ཞེས་འཁོད་པ་ནི་ཡི་གེ་མ་དག་པ་སྟེ། དེ་གཉིས་ཀར་ལྷ་ཁང་འདིའི་གོ་དོན་འགྲེལ་བཤད་ཀྱི་སྐབས་སུ་ལྷ་ཁང་འདིའི་ཆེ་ཚད་སྐར་མ་ཆུང་བ་ཞིག་གི་ཚད་ཙམ་ཡོད་པར་གསལ་བ་མ་ཟད། སྐར་ཆུང་ལྷ་ཁང་གི་རྡོ་རིང》ངོ་མའི་ཡིག་ཕྲེང་བཅུ་དྲུག་པར་ལྡེ་སྲོང་བཙན་གྱི་རིང་ལ་ཡང་། སྐར་ཆུང་གཙུག་ལག་ཁང་ཞེས་དང་། ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང》དང་རྒྱ་བོད་ཡིག་ཚང་》སོགས་ལོ་རྒྱུས་ཡིག་རྙིང་མང་ཆེ་བར་སྐར་ཆུང་ཞེས་གསལ་བ་ལྟར་ཡིན།

language:
Tibetan