- sku mkhar dgu thog
- ID:
- T224095
- སྐུ་མཁར་དགུ་ཐོག (Tibetan, Tibetan script, Original)
- > sku mkhar dgu thog (Tibetan, Latin script, Transliteration-THL Extended Wylie Transliteration)
- > ku khar gu tok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་བཙུན་མར་པ་ལོ་ཙཱ་བས་རང་ཉིད་ཀྱི་སློབ་མ་མི་ལ་རས་པར་སྡིག་སྒྲིབ་སྦྱང་བའི་ཆེད་བཞེངས། སུ་བཅུག་པའི་སྐུ་མཁར་ཐོག་ཚད་དགུ་ཡོད་པ་ཞིག་སྟེ། གངས་ལྗོངས་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ཆེན་པོ་རྗེ༌བཙུན་མི་ལ་རས་པས་དགུང་ལོ་ཉི་ཤུ་རྩ་དྲུག་ལ་ཕེབས་པ་མེ་སྦྲུལ(༡༠༧༧)ལོར་དམ་པའི་ཆོས་གསན་པའི་ཆེད་དུ་ལྷོ་བྲག་མར་པ་ལོ་ཙཱ་བའི་དྲུང་དུ་ཕེབས། དེར་བླ་མའི་གཟིམས་གཡོག་ཞབས་ཏོག་ལེགས་པར་ཞུས་ཀྱང་ཆོས་ཚིག་གནང་བའི་ཐོག། སྐུ་ཚེ་སྟོད་ལ་ཨ་ཁུ་དང་ཨ་ནེའི་དགྲ་ཤ་བླངས་ཆེད་མཐུ་ལ་བརྟེན་ནས་མི་སུམ་ཅུ་སོ་ལྔ་ཕྱི་མའི་ལམ་དུ་བཏང་བ་དང་། སེར་བ་ཕབ་སྟེ་ཡུལ་མིའི་ལོ་ཏོག་རྨེག་མེད་དུ་གཏོང་བར་མཛད་པ་སོགས་སྒྲིབ་སྦྱོང་ལ་དགོངས་ཏེ་མཁར་ཟླུམ་པོ་དང་། ཟླ་གམ། གྲུ་གསུམབཅས་བརྩིགས་སུ་བཅུག་སྟེ་ཐོག་ཚད་ལོངས་པ་དང་ཡང་བཤིག་ཏུ་བཅུག་པ་སོགས་སྡུག་སྦྱོང་ཚད་མེད་ལ་བརྟེན་ནས་སྐུ་རྒྱབ་ཏུ་སྒལ་རྨ་གསུམ་བྱུང་བའི་བར་དུ་དཀའ་བ་ཚད་མེད་སྤྱད་པའི་མཐར། མཁར་གྲུ་བཞི་དགུ་ཐོག་ཅནཞིག་མི་ལ་རས་པ་རང་ཉིད་གཅིག་པུར་བརྩིགས་སུ་བཅུག་པ་དེ་ཡིན། མཁར་འདིའི་ཐོག་སོ་བདུན་བར་མི་ལ་རས་པ་རང་ཉིད་གཅིག་པུས་བརྩིགས་གནང་མཛད་ཅིང་། དེའི་སྟེང་གི་ཐོག་སོ་གཉིས་ལས་མི་གཞན་དག་གླས་ནས་བརྩིགས་པ་རེད། དེ་ནས་བླ་མ་མར་པས་མི་ལ་རས་པ་ལ་དབང་ལུང་ཁྲིད་ལ་སོགས་པ་མན་ངག་ཆ་ཚང་བ་གནང་སྟེ་ཐུགས་བརྩེ་ཆེན་པོས་བསྐྱངས་གནང་མཛད། སྐུ་མཁར་འདིར་སྲས་མཁར་ཞེས་འབོད་པའི་རྒྱུ་མཚན་ནི། མར་པ་ལོ་ཙཱ་བའི་ཆོས་བརྒྱུད་འཛིན་མཁན་གྱི་ཐུགས་རེ་གནང་ཡུལ་གཙོ་བོའི་གྲས་རང་ཉིད་ཀྱི་སྲས་དར་མ་མདོ་སྡེ་ཡིན་པས། དེའི་བཞུགས་ཡུལ་དུ་མཁར་དེ་བརྩིགས་པ་ལ་བརྟེན་ནས་མིང་དེ་ལྟར་ཐོགས། 《སྲས་མཁར་དགུ་ཐོག་གཙུག་ལག་ཁང་གི་དཀར་ཆག》ནང་འཁོད་པ་ལྟར་ན། མར་པ་ལོ་ཙཱ་བ་རང་ཉིད་ཀྱི་གཟིགས་དཔེའི་གྲས་མང་པོ་དང་། སྲས་དར་མ་མདོ་སྡེས་བཞེངས་པ་གནང་བའི《ཉི་ཁྲི》མར་པ་ལོ་ཙཱ་བ་དང་ཡུམ་བདག་མེད་མ། སྲས་དར་མ་མདོ་སྡེ་བཅས་ཀྱི་འདྲ་སྐུ། མར་པ་རང་ཉིད་ཀྱིས་རྒྱུན་སྤྱོད་སེང་ལྡེང་གི་ཕྱག་མཁར། ཐུགས་དམ་རྟེན་ཐང་ཀ་རྩ་ཆེན་ཁ་ཤས། ལྷོ་བྲག་དཔའ་བོ་གཙུག་ལག་ཕྲེང་བས་བཞེངས་པ་གནང་བའི་མི་ལ་རས་པའི་རྣམ་ཐར་ཆ་ཚང་གི་ཐང་ཀ་སོགས་རྩ་ཆེའི་རིག་གནས་དངོས་རྫས་གྲངས་ལས་འདས་པ་ཡོད་པ་དང་། མར་པ་ལོ་ཙཱ་བ་རྒྱུན་བཞུགས་གནང་ཡུལ་མཁར་རུ་ཟེར་བའི་གཟིམས་ཁང་ནང་དུ་ཡང་མར་པ་ལོ་ཙཱ་བ་ཞལ་བཞུགས་དུས་ཀྱི་རྩ་ཆེའི་རྟེན་གསུམ་མང་པོ་ཡོད་པ། དེ་ཡི་ཉེ་འདབས་མི་ལ་རས་པའི་སྒྲུབ་ཁང་སྟག་གཉའི་བྲག་ལ་ཡང་རིན་ཐང་ཆེ་བའི་རྟེན་གསུམ་མང་པོ་ཡོད་ཚུལ་བཅས་འཁོད་འདུག་ཀྱང་། དེང་སྐབས་ལྷག་ལུས་ཉུང་ཤས་ཙམ་མ་གཏོགས་བསྡད་ཡོད་ཚོད་མི་འདུགཞིབ་ཕྲ་གོང་གསལ《སྲས་མཁར་དགུ་ཐོག་གཙུག་ལག་ཁང་དང་། ལྷོ་བྲག་གྲོ་བོ་ལུང་། ཟངས་ཕུག། སྟག་གཉའ་བཅས་ཀྱི་གནས་ཡིག་རྣ་བའི་བདུད་རྩི་དད་པའི་དགའ་སྟོན》དཔེ་རྙིང་དབུ་ཅན་ལྷོ་བྲག་དཔར་མ་ཤོག་གྲངས༢༧ཡོད་པ་དཔར་སློག་བརྒྱབ་པ་ཞིག་ཁོ་བོས་མཐོང་བྱུང་ལགས།
- language:
- Tibetan
2. Thupten Phuntsok Dictionary
རྗེ་བཙུན་མར་པ་ལོ་ཙཱ་བས་རང་ཉིད་ཀྱི་སློབ་མ་མི་ལ་རས་པར་སྡིག་སྒྲིབ་སྦྱང་བའི་ཆེད་བཞེངས་སུ་བཅུག་པའི་སྐུ་མཁར་ཐོག་ཚད་དགུ་ཡོད་པ་ཞིག་སྟེ། གངས་ལྗོངས་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ཆེན་པོ་རྗེ་བཙུན་མི་ལ་རས་པས་དགུང་ལོ་ཉི་ཤུ་རྩ་དྲུག་ལ་ཕེབས་པ་མེ་སྦྲུལ (༡༠༧༧) ལོར་དམ་པའི་ཆོས་གསན་པའི་ཆེད་དུ་ལྷོ་བྲག་མར་པ་ལོ་ཙཱ་བའི་དྲུང་དུ་ཕེབས། དེར་བླ་མའི་གཟིམ་གཡོག་ཞབས་ཏོག་ལེགས་པར་ཞུས་ཀྱང་ཆོས་ཚིག་གཅིག་ཀྱང་མ་གནང་བའི་ཐོག སྐུ་ཚེ་སྟོད་ལ་ཨ་ཁུ་དང་ཨ་ནེའི་དགྲ་ཤ་བླངས་ཆེད་མཐུ་ལ་བརྟེན་ནས་མི་སུམ་ཅུ་སོ་ལྔ་ཕྱི་མའི་ལམ་དུ་བཏང་བ་དང་། སེར་བ་ཕབ་སྟེ་ཡུལ་མིའི་ལོ་ཏོག་རྨེག་མེད་དུ་གཏོང་བར་མཛད་པ་སོགས་སྒྲིབ་སྦྱོང་ལ་དགོངས་ཏེ་མཁར་ཟླུམ་པོ་དང་། ཟླ་གམ། གྲུ་གསུམ་བཅས་བརྩིགས་སུ་བཅུག་སྟེ་ཐོག་ཚད་ལོངས་པ་དང་ཡང་བཤིག་ཏུ་བཅུག་པ་སོགས་སྡུག་སྦྱང་ཚད་མེད་ལ་བརྟེན་ནས་སྐུ་རྒྱབ་ཏུ་སྒལ་རྨ་གསུམ་བྱུང་བའི་བར་དུ་དཀའ་བ་ཚད་མེད་སྤྱད་པའི་མཐར། མཁར་གྲུ་བཞི་དགུ་ཐོག་ཅན་ཞིག་རས་པ་རང་ཉིད་གཅིག་པུར་བརྩིགས་སུ་བཅུག་པ་དེ་ཡིན་ནོ། །
- language:
- Tibetan