- sku mkhar ma ru
- ID:
- T224096
- སྐུ་མཁར་མ་རུ (Tibetan, Tibetan script, Original)
- > sku mkhar ma ru (Tibetan, Latin script, Transliteration-THL Extended Wylie Transliteration)
- > ku khar ma ru (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཕ་བོང་ཁ་རི་ཁྲོད་ཀྱི་མིང་རྙིང་པ་ཡིན། ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་སྤྱི་ལེ་བརྒྱད་ཙམ་སོང་བའི་ཉང་བྲན་དབུ་གདུགས་རིའི་གཡས་ངོས་རི་མ་འདབས་སུ་གནས་ཤིང་། སྐུ་མཁར་འདི་ཆགས་ས་ནི་བྲག་རྡོ་རུས་སྦལ་གྱི་དབྱིབས་ཅན། ས་ངོས་ལས་སྤྱི་ཁྲེ་ཉི་ཤུ་ཙམ་གྱིས་མཐོ་ཞིང་། རྒྱ་ཁྱོན་སྤྱི་ཁྲེ་སུམ་བརྒྱ་ཙམ་དང་། ཤར་ལྷོ་ནུབ་གསུམ་གཡང་གཟར་ཅན་གྱི་སྟེང་དུ་ཡོད། འཛུགས་སྐྲུན་ལྟེ་བའི་བཟོ་དབྱིབས་ནི། བྲག་རྡོ་རུས་སྦལ་དབྱིབས་ཀྱི་རྣམ་པ་དང་མཐུན་པར་ཕྱོགས་གསུམ་ཟླུམ་པོ་དང་། བྱང་ངོས་གྲུ་བཅད་ཀྱི་དཀྱིལ་དུ་སྒོ་བྱང་བལྟ་རྡོ་སྐས་རིམ་པ་མང་པོ་ཡོད་པ་སོགས་གནའ་རབས་འཛུགས་སྐྲུན་གྱི་དམིགས་བསལ་ཁྱད་ཆོས་ངོ་མཚར་ཅན་དང་ལྡན་ཡོད། སྔོན་དུས་བཙན་པོ་སྲོང་བཙན་སྒམ་པོས་ལྷ་ས་གཙུག་ལག་ཁང་མ་བཞེངས་པའི་གོང་དུ་གནས་འདིར་སྐུ་མཚམས་ལ་བཞུགས་ནས་ས་འདུལ་མཛད་པ་སྟེ། ཉིན་གཅིག་བཙན་པོ་དང་བློན་འཁོར་བཅས་པོ་ཏཱ་ལའི་ཕོ་བྲང་གི་རྩེ་ནས་ཕྱོགས་བཞིའི་ཡུལ་ལྗོངས་ལ་གཟིགས་པས་བྱང་ངོས་སུ་དངོས་པོ་ནག་རིལ་ཆེན་པོ་ཞིག་གཟིགས་ནས་ཕྱི་ཉིན་གནས་དེར་གཟིགས་སུ་བྱོན་པས། དངོས་པོ་ནག་རིལ་ཆེན་པོ་དེ་ནི་ཐག་འདོམ་ཁ་ཤས་ཀྱིས་འཇལ་ཐུབ་པའི་ཕ་བོང་ཆེན་པོ་རུས་སྦལ་གྱི་དབྱིབས་འདྲ་བ་ཞིག་ཡིན་པས་ཐུགས་མཉེས་ཏེ་གནས་དེར་སྐུ་མཚམས་ལ་བཞུགས་ཐོགཕ་བོང་ཆེན་པོ་དེའི་སྟེང་དུ་སྐུ་མཁར་ཐོག་བརྩེགས་དགུ་ཡོད་པ་ཞིག་བཞེངས། ཐོན་མི་སམ་ལྷོ་ཊ་རྒྱ་གར་ནས་བོད་དུ་ཕེབས་རྗེས་གནས་དེར་དེང་སང་ང་ཚོས་རྒྱུན་སྤྱོད་བྱེད་པའི་བོད་ཡིག་གསར་གཏོད་གནང་ཞིང་། དེའི་ཡིག་ཕུད་རྡོ་ལ་བརྐོས་པའི་མ་ཎི་ཡིག་དྲུག་བཞེངས་པ་ཡང་དེང་སང་མཇལ་རྒྱུ་ཡོད། བཙན་པོ་སྲོང་བཙན་སྐམ་པོས་ཐོན་མི་སམ་བྷོ་ཊ་སློབ་དཔོན་དུ་བསྟེན་ནས་བོད་ཡིག་སློབ་སྦྱོང་མཛད་ཅིང་། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་གནས་འདིར་དགེ་འདུན་གྱི་སྡེ་ཐོག་མར་བཙུགས་ནས་རབ་བྱུང་མང་པོ་རྒྱུན་བཞུགས་མཛད། རྒྱལ་པོ་གླང་དར་མས་བསྟན་པ་སྣུབ་སྐབས་སྐུ་མཁར་འདི་མེ་ལ་བསྲེགས། དུས་རབས་བཅུ་གཉིས་པའི་འགོར་དགེ་བཤེས་པོ་ཏོ་བས་ཉིད་ཀྱི་དངོས་སློབ་དགེ་བཤེས་བྲག་དཀར་བ་དང་ལྷན་དུ་གནས་འདིར་ཕེབས་ནས་ཚེས་བཅུ་ཕུག་ཏུ་བཞུགས་ཏེ་ཆོས་མང་དུ་གསུངས་ཤིང་། གནས་འདི་ཉམས་གསོ་བྱས་ཏེ་དགེ་འདུན་གྱི་སྡེ་འཛུགས་དགོས་པའི་བཀའ་གནང་བ་ལྟར། དགེ་བཤེས་བྲག་དཀར་བས་ཉམས་གསོ་དང་འབྲེལ་དགེ་འདུན་གྱི་སྡེ་སླར་ཡང་གསར་འཛུགས་གནང་བས་དགེ་འདུན་སུམ་བརྒྱ་ཙམ་འཚོག་ཐུབ་པ་བྱུང་། དེ་ནས་ཉམས༌ཆག་ཇེ་ཆེར་གྱུར་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ཡོངས༌འཛིན་གྱི་གཙོ་བོ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱིས་སེར་བྱེས་མཁན་པོ་ལོ་འགའ་ཞིག་གནང་ནས་དགོངས་ཞུ་མཛད་དེ་གནས་འདིའི་སློབ་དཔོན་དང་ཆབས་ཅིག་རྒྱུན་རིང་བཞུགས་གནང་མཛད་ཅིང་། འཇམ་དབྱངས་བཞད༌པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་གདན་ས༌བཀྲ་ཤིས་འཁྱིལ་ཕྱག་འདེབས་རྒྱུའི་ས་འདུལ་རྟེན་འབྲེལ་གྱི་མཛད་སྒོ་ཡང་གནས་འདིར་གནང་། གནས་འདིར་ཡོད་པའི་སྐུ་གསུང་ཐུགས་རྟེན་དང་། བྲག་ཕུག་ངོ་མཚར་ཅན། མཆོད་རྟེན་ཁག། དུར་ཁྲོད་གཡས་གཡོན། ཆུ་མིག་གོང་འོག་སོགས་ཀྱི་ངོ་སྤྲོད་ཞིབ་པར་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱིས་མཛད་པའི《ཕ་བོང་ཁའི་གནས་ཡིག་མདོར་བསྡུས》དང་། སེར་སྨད་ཀོང་པོ་མཆོད་ཁང་རྩེ་མཆོག་སྤྲུལ་སྐུ་གོང་མས་མཛད་པའི《ཕ་བོང་ཁའི་གནས་ཡིག་རྒྱས་པ》ཕ་བོང་ཁའི་དཔར་མ་བཅས་ལ་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
ལྷ་སའི་བྱང་ཕྱོགས་སེ་རའི་ཉེ་འདབས་དབེན་གནས་ཕ་བོང་ཁ་ལ་ཡོད་པའི་ཕོ་བྲང་ཞིག་སྟེ། དེ་ན་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལོ་བཞིའི་རིང་སྐུ་མཚམས་སུ་བཞུགས་ནས་ཐོན་མི་སམ་བྷོ་ཊས་སྲོལ་བཏོད་པའི་བོད་ཀྱི་ཡི་གེའི་གཟུགས་དང་སྦྱོར་བ་རྣམས་ལ་མཐར་ཕྱིན་པ་སྦྱོང་ཚུལ་མཛད་པའི་གནས་ཏེ། སྔར་ཐོག་སོ་དགུ་བརྩེགས་སུ་ཡོད།
- language:
- Tibetan
3. smon lam tshig mdzod chen mo
ལྷ་སའི་བྱང་ཕྱོགས་སེ་རའི་ཉེ་འདབས་དབེན་གནས་ཕ་བོང་ཁ་ལ་ཡོད་པའི་ཕོ་བྲང་ཞིག་སྟེ། དེ་ན་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལོ་བཞིའི་རིང་སྐུ་མཚམས་སུ་བཞུགས་ནས་ཐུ་མི་སམ་བྷོ་ཊས་སྲོལ་བཏོད་པའི་བོད་ཀྱི་ཡི་གེའི་གཟུགས་དང་སྦྱོར་བ་རྣམས་ལ་མཐར་ཕྱིན་པ་སྦྱོང་ཚུལ་མཛད་པའི་གནས་ཏེ། སྔར་ཐོག་སོ་དགུ་བརྩེགས་སུ་ཡོད།
- language:
- Tibetan