Skip to main content Skip to search
skyid shod sde pa chos rje
ID:
T224366
  • སྐྱིད་ཤོད་སྡེ་པ་ཆོས་རྗེ (Tibetan, Tibetan script, Original)
    • > skyid shod sde pa chos rje (Tibetan, Latin script, Transliteration-THL Extended Wylie Transliteration)
    • > kyi shö depa chöjé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གུང་རུ་སྐྱིད་ཤོད་ཞབས་དྲུང་རིན་པོ་ཆེ་སྐུ་ཕྲེང་དང་པོ་ཡིན། རབ་བྱུང་བཅུ་པའི་ཆུ་སྦྲུལ(༡༥༩༣)ལོར་ཡབ་སྐྱིད་ཤོད་དགའ་ལྡན་པའི་སྡེ་པ་གཡུལ་རྒྱལ་ནོར་བུ་དང་། ཡུམ་ཞོགས་བཟའ་བྱང་སེམས་དགོས་དགོས་གཉིས་ཀྱི་སྲས་བཞི་པ(ཆེ་བ་སྡེ་པ་བསོད་ནམས་རྣམ་རྒྱལ་ལམ་ཨ་དཔལ། འབྲིང་བ་སྡེ་པ་ཡིད་བཞིན་ནོར་བུ། དེའི་འོག་མ་རབ་བརྟན། ཆུང་བ་ཞབས་དྲུང་རིན་པོ་ཆེ)ཡིན། མཁས་གྲུབ་རྗེའི་སྐུ་ཚ་ཞང་ཞུང་ཆོས་དབང་གྲགས་པ་དང་། སྒོམ་སྡེ་ཤར་པ་ནམ་མཁའ་རྒྱལ་མཚན་གྱི་ཡང་སྲིད་གྲགས་པ་ཆེ་ཞིང་། ཡི་གེ་འབྲི་ཀློག་སོགས་གང་ལ་སྐུ་ངལ་ཆེར་མ་དགོས་པར་མཁྱེན་པའི་ཐུགས་རབ་ཀྱི་རྩལཱ་ཕུན་སུམ་ཚོགས་པ་ཞིག་ཡོད། དགུང་ལོ་བཅུ་གཅིག་པ་རབ་བྱུང་བཅུ་པའི་ཆུ་ཡོས(༡༦༠༣)ལོར་དགའ་ལྡན་ཁྲི་ཆེན་དགེ་འདུན་རྒྱལ་མཚན་གྱི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་། མཚན་ལ་བསྟན་འཛིན་བློ་བཟང་རྒྱ་མཚོཞེས་གསོལ། རྒྱལ་བ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཆོ་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་དྲུང་ནས་དབང་དང་རྗེས་གནང་མང་པོ་ཞིག་གསན། རྗེ་འདིའི་ཡབ་ཀྱིས་ཐུགས་གཉེར་གསན་བཞེས་ཀྱི་ཆེད་དུ་མཚན་ཉིད་གྲྭ་ཚང་ཞིག་འཛུགས་པར་དགོངས་ནས་ཆོས་གྲྭ་བཀྲ་ཤིས་འབྱུང་གནས་ཞེས་པ་ཞིག་བཙུགས། རྩེད་ཐང་བྱང་མ་ཁང་གསར་བ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་དགེ་རྒན་དུ་གདན་དྲངས་ཏེ་བསྡུས་གྲྭ་དང་། ཕར་ཕྱིན། དབུ་མ། འདུལ་བ། མཛོད་བཅས་སྦྱངས་པ་མཐར་ཕྱིན་པ་མཛད་ཅིང་། གཞན་ཡང་སྙན་ངག་སོགས་ཐུན་མོང་རིག་གནས་དང་། གསང་སྔགས་རྒྱུད་སྡེ་རྣམ་བཞིའི་དབང་ལུང་ཁྲིད་སོགས་རྒྱ་ཆེར་གསན། དགུང་ལོ་བཅོ་བཞེས་པ་རབ་བྱུང་བཅུ་པའི་མེ་ལུག(༡༦༠༧)ལོར་ཡབ་འདས་ཤིང་། གཙང་པ་དང་། ཀོང་པོ། འབྲི་གུང་པ། ཕག་མོ་སོགས་ཀརྨ་བཀའ་བརྒྱུད་ཀྱི་སྦྱིན་བདག་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་བའི་དམག་དཔུང་འབྲི་གུང་རྒྱུད་དུ་དྲངས་ནས་དགེ་ལུགས་པའི་དགོན་པ་འགའ་ཞིག་བཅོམ་ཞིང་། འགའ་འིག་ཆོས་ལུགས་དང་ཞྭ་སྟབས་བསྒྱུར། སྐྱིད་ཤོད་སྡེ་པ་ཡིད་བའིན་དང་། སྲས་པོ་རབ་བརྟན་གཉིས་བཙོན་དུ་བཟུང་ཞིང་། སྐྱིད་ཤོད་དགའ་ལྡན་པའི་འཛིན་ཁོངས་རྫོང་གཞིས་རྒྱུ་ནོར་དང་བཅས་པ་བཙན་འཕྲོགས་བྱས་པར་བརྟེན། ཞབས་དྲུང་རིན་པོ་ཆེ་རང་ཉིད་ལྷོ་ཁ་སོགས་ཀྱི་དབེན་གནས་མང་པོར་སྒྲུབ་པ་ཉམས་བཞེས་དང་། སློབ་གཉེར་ཟུང་འབྲེལ་གནང་སྟེ་རེ་ཞིག་དབུས་ཕྱོགས་སུ་བཞུགས། དགུང་ལོ་ཉེར་གསུམ་བཞེས་པ་རབ་བྱུང་བཅུ་པའི་ཤིང་ཡོས(༡༦༡༥)ལོར་བཀྲ་ཤིས་ལྷུན་པོར་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཁན་པོ་དང་། ལས་སློབ། གསང་སྟོན་གསུམ་ཀ་མཛད་དེ་དགེ་སློང་གི་སྡོམ་པ་བཞེས། བཀྲ་ཤིས་ལྷུན་པོ་དང་། སྣར་ཐང་། ཁྲོ་ཕུ། རོང་བྱམས་ཆེན་སོགས་སུ་གཞུང་ཆེན་པོད་ལྔའི་གྲྭ་སྐོར་མཛད་ཅིང་། སླར་ཡང་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་རིན་པོ་ཆེའི་དྲུང་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ནས་གཙང་ཁུལ་གྱི་དབེན་གནས་མང་པོར་སྒྲུབ་པ་༡མས་བཞེས་གཙོ་བོ་མཛད། དགུང་ལོ་ཉེར་དྲུག་བའེས་པ་ས་རྟ(༡༦༡༨)ལོར་སོག་པོ་ལྷ་བཙུན་རྒན་གཞོན་དང་། སེ་ཆེན་དའི་ཆིང་སོགས་ཐུ་མེད་ཀྱི་རྒྱལ་རྒྱུད་རྣམས་དང་། ཧ་ར་ཧྲུ་ལ་དང་། ཁུན་དུ་ལེ་ཆོས་ཁུར་སོགས་ཧལ་ཧའི་རྒྱལ་རྒྱུད་སྡེ་པ་སྐྱིད་ཤོད་པ་བསོད་ནམས་རྣམ་རྒྱལ(ཨ་དཔལ)སེ་འབྲས་གཉིས་ཀྱི་ཆོ་གས་འདུའི་འརྒོ་འཛིན་པ་རྣམས་གྲོས་མཐུན་བྱས་ཏེ་སོག་དམག་དང་། སྡེ་པ་སྐྱིད་ཤོད་པའི་སྐྱ་དམགསེ་འབྲས་ཀྱི་སེར་དམག་བཅས་ཀྱིས་གཙང་པའི་དམག་དཔུང་ལ་ཕར་རྒོལ་གྱི་གྲ་སྒྲིག་བྱས་པར། གཙང་པ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྱིས་ཁྲི་སྐོར་བཅུ་གསུམ་གྱི་དམག་ཁྲིད་ནས་དབུས་ཕྱོགས་སུ་ལྷགས། བོད་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་དམག་འཐབ་བྱས་པར་གཙང་དམག་སྟོང་ཕྲག་མང་པོ་བསད་རྨས་བཏང་། གཙང་དམག་གི་གདོང་ལེན་པ་ཁག་གཅིག་འབྲས་སྤུངས་དགོན་པ་གཏོར་བར་རྒྱབ་རིའི་རྩེར་སླེབས་ཤིང་། དེ་འཕྲོས་གཙང་དམག་ཕལ་ཆེ་བ་བསད། དེའི་ཕྱི་ཉིན་ལྷ་སའི་གཙང་པོའི་འགྲམ་དུ་གཙང་པའི་དམག་སྒར་སྔར་ལས་ཆེ་བ་ཞིག་བཏབ་པས་སོག་དམག་རྣམས་སྐྲཀ་ཏེ་བྲོས་པ་དང་། སེ་འབྲས་ཀྱི་གྲྭ་པ་དང་། སྡེ་པ་སྐྱིད་ཤོད་པ་སོགས་ཚང་མ་འུར་སྟབས་ཀྱིས་འཕན་པོ་དང་སྟག་ལུང་སོགས་སུ་བྲོས་རྗེས་གཙང་དམག་གིས་སེ་འབྲས་གཉིས་གཏོར་ཞིང་། སྡེ་པ་སྐྱིད་ཤོད་པའི་རྫོང་གཞིས་རྣམས་གཙང་པས་ཕྲོགས་པ་བཅས་དུས་ཟིང་ཆེ་བར་བརྟེན་རྗེ་འདི་ཉིད་མཚོ་སྔོན་ཕྱོགས་སུ་བྲོས་བྱོལ་ཕེབས་དགོས་བྱུང་སྟེ་མདོ་སྨད་ཀྱི་དགོན་སྡེ་ཕལ་ཆེ་བར་ཕེབས་ནས་མདོ་སྔགས་ཀྱི་ཆོས་རྒྱུན་རྒྱ་ཆེར་སྤེལ། དགུང་ལོ་ཞེ་དྲུག་བཞེས་པ་རབ་བྱུང་བཅུ་གཅིག་པའི་ས་སྟག(༡༦༣༨)ལོར་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་པའི་གདུང་རྟེན་མདོ་སྨད་ཀྱི་དགོན་ལུང་དགོན་པར་བཞུགས། གསུང་འབུམ་ཕྱོགས་བསྒྲིགས་བྱས་པ་པོད་གཅིག་ཡོད། (འདིའི་རྗེས་མ་སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འ། ཛིན་འཕྲིན་ལས་ནས་སྐུ་ཕྲེང་འགའ་ཞིག་ཕེབས་འདུག་ཀྱང་ལོ་རྒྱུས་ཞིབ་པ་ད་ཕན་མ་རྙེད)དམ་པ་འདིའི་རྣམ་ཐར་ནི། རོང་པ་ཤར་སྐལ་ལྡན་རྒྱ་མཚོས་མཛད་པའི《རྗེ་བཙུན་ཐམས་ཅད་མཁྱེན་པ་བསྟན་འཛིན་བློ་བཟང་རྒྱ་མཚོ་དཔལ་བཟང་པོ་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་དད་པའི་སྒོ་འབྱེད》ཤོག་གྲངས༤༦ཡོད་པ་རྗེ་དེའི་གསུང་འབུམ་པོད[ཀ]པའི་ནང་དུ་བཞུགས། སྐྱིད་ཤོད་ཞབས་དྲུང་ཡིད་བཞིན། སྐྱིད་ཤོད་དགའ་ལྡན་པའི་སྡེ་པ་གཡུལ་རྒྱལ་ནོར་བུའི་བུ་གཉིས་པ་ཡིན། རབ་བྱུང་བཅུ་པའི་ས་གླང(༡༥༨༩)ལོར་སྐྱེས། བྱུང་བཅུ་པའི་མེ་ལུག(༡༦༠༧)ལོར་འབྲི་གུང་པ་དང་ཕག་མོ་གྲུ་པའི་དམག་གིས་འབྲི་གུང་རྒྱུད་དུ་ཡོད་པའི་དགེ་ལུགས་དགོན་པ་རྣམས་བཅོམ་སྐབས་སྡེ་པ་སྐྱིད་ཤོད་པའི་བུ་གཉིས་བཙོན་དུ་བཟུང་ནས་མི་གཏེར་ཉར་ཏེ་རབ་བྱུང་བཅུ་པའི་ལྕགས་བྱ(༡༦༢༡)ལོའི་བར་ལོ་བཅོ་ལྔའི་རིང་། བཙོན་དུ་སྡོད་དགོས་བྱུང་འིང་། དེ་ནས་མཚོ་སྔོན་ཕྱོགས། སུ་ཡུལ་གྱར་ནས་མི་རིང་བར་འདས་པ་དེ་ཡིན། །

language:
Tibetan

2. Thupten Phuntsok Dictionary

གུང་རུ་སྐྱིད་ཤོད་ཞབས་དྲུང་རིན་པོ་ཆེ་སྐུ་ཕྲེང་དང་པོ་ཡིན། རབ་བྱུང་བཅུ་པའི་ཆུ་སྦྲུལ (༡༥༩༣) ལོར་ཡབ་སྐྱིད་ཤོད་དགའ་ལྡན་པའི་སྡེ་པ་གཡུལ་རྒྱལ་ནོར་བུ་དང་། ཡུང་ཞོགས་བཟའ་བྱང་སེམས་དགོས་གཉིས་ཀྱི་སྲས་བཞི་པ (ཆེ་བ་སྡེ་པ་ཡིད་བཞིན་ནོར་བུ། དེའི་འོག་མ་རབ་བརྟན། ཆུང་བ་ཞབས་དྲུང་རིན་པོ་ཆེ) དགུང་ལོ་ཞེ་དྲུག་བཞེས་པ་རབ་བྱུང་བཅུ་གཅིག་པའི་ས་སྟག (༡༦༣༨) ལོར་སྐུ་གཤེགས།

language:
Tibetan