Skip to main content Skip to search
khya dge blo gros rgya mtsho
ID:
T225230
  • ཁྱ་དགེ་བློ་གྲོས་རྒྱ་མཚོ (Tibetan, Tibetan script, Original)
    • > khya dge blo gros rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khya gé lodrö gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མདོ་སྨད་ཅོ་ནེའི་ཁུལ་དུ་ཡབ་ཀླུ་འབུམ་ཡག་དང་ཡུམ་ལྷ་མོ་མཆོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག(༡༦༦༤)ལོར་འཁྲུངས། དགུང་ལོ་བདུན་ལ་ཡི་གེ་འབྲི་ཀློག་སྦྱངས་བརྩོན་མཛད། ལོ་ལྔའི་རིང་ཕྱུགས་འཚོ་བའི་ཞོར་ལ་ཡིག་རྩ་ཆོད་ངེས་ཀྱི་སློབ་སྦྱོང་གནང༌། དགུང་ལོ་བཅུ་གཅིག་ལ་དབོན་གོང་མ་ལུང་རིགས་རྒྱ་མཚོའི་དྲུང་ནས་རབ་བྱུང་བསྒྲུབས་ཏེ་མཚན་ལ་བློ་གྲོས་རྒྱ་མཚོར་གསོལ། ཅོ་ནེ་ཆོས་རྗེ་དང་མཉམ་དུ་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། ཁྲི་ཆེན་དགེ་འདུན་ཕུན་ཚོགས(དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ)དེ་དུས་གྲྭ་རྐྱང་སློབ་གཉེར་གནང་སྐབས་དང་ཁེལ་བས་ཁོང་གཉིས་འཛིན་གྲྭ་གཅིག་ཡིན་པ་དང༌། སློབ་གཉེར་ཡར་རྒྱས་ཡོང་ཆེད་འཛིན་གྲྭ་གཤམ་དུ་བབས་ནས་ཕར་ཕྱིན་སྐབས་དང་པོ་གཉིས་བསྐྱར་དུ་སློབ་སྦྱོང་གནང༌། པཎ་ཆེན་བསོད་གྲགས་ཀྱི་འདུལ་བ་ཐུགས་འཛིན་གནང་ནས་རྭ་སྟོད་གྲྭ་ཚང་དུ་ཕེབས་ཏེ་འདུལ་བ་དང་རྣམ་འགྲེལ་སྦྱངས། གསང་ཕུ་དབྱར་ཆོས་ལ་གྲྭ་སྐོར་མཛད། ཕ་བོང་ཁ་པ་ངག་དབང་བསྟན་འཛིན་གྱི་དྲུང་ནས་བསྙེན་རྫོགས་ཞུས། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དང༌། ཁྲི་ཆེན་རྒྱ་ནག་པ་བློ་གྲོས་རྒྱ་མཚོ། བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ་སོགས་བླ་མ་དགེ་བཤེས་བཅུ་ལྷག་ཙམ་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་གསན། དབུས་ཀྱི་སློབ་གཉེར་གྲུབ་ནསྲ་རང་ཡུལ་དུ་ཕེབས་ཏེ་དགོན་པའི་འདུ་ཁང་དང་རྟེན་གསུམ་མང་པོ་གསར་བཞེངས་གནང༌། དགུང་ལོ་ཞེ་གཉིས་ལ་ཕེབས་པ་ནས་སྐུ་འབུམ་དང་དགོན་ལུང་སོགས་གནས་དང་དགོན་སྡེ་མང་པོར་མཇལ་སྐོར་དུ་ཕེབས་པ་དང་ཆབས་ཅིག་དད་ལྡན་སློབ་མ་མང་པོར་འདོད་མོས་དང་འཚམས་པའི་ཆོས་བཀའ་ཡིད་ཚིམ་ངེས་གནང༌། དགུང་ལོ་མཐོན་པོར་ཕེབས་ནས་རི་ཁྲོད་དུ་འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་སྒོམ་སྒྲུབ་གཙོ་བོར་མཛད་དེ། དགུང་ལོ་དོན་བདུན་པ་རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ(༡༧༤༠)ལོར་སྐུ་གཤེགས། གསུང་རྩོམ་གྲས་འཇམ་དབྱངས་བཞད་པའི་གསུང་རྒྱུན་ཟིན་བྲིས་སུ་མཛད་པའི<<འཇིགས་བྱེད་དང་བདེ་མཆོག་གི་བསྐྱེད་རིམ>>དང༌། <<རང་ཉིད་ཀྱི་རྣམ་ཐར་སྐལ་ལྡན་རེ་སྐོང>><<ལྟུང་བཤགས་ཀྱི་འགྲེལ་པ>><<ལམ་རིམ་ལ་སྦྱར་བའི་སྙན་ངག>>སོགས་པོད་གཅིག་ཙམ་ཡོད། <<གསང་བའི་རྣམ་ཐར>>ཁག་གཉིས་སློབ་མ་རྣམ་གཉིས་ཀྱིས་མ། ཛད་པ་ཡོད་ཀྱང་འདིར་མ་བྲིས།

language:
Tibetan

2. Thupten Phuntsok Dictionary

མདོ་སྨད་ཅོ་ནེའི་ཁུལ་དུ་ཡབ་ཀླུ་འབུམ་ཡག་དང་ཡུམ་ལྷ་མོ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག (༡༦༦༤) ལོར་འཁྲུངས། དགུང་ལོ་དོན་བདུན་པ་རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ (༡༧༤༠) ལོར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་འབྲུག་ལོ་སྟེ་ལོ 1664 ལོར་ཀན་སུའུ་ཞིང་ཆེན་གྱི་ཅོ་ནེའི་ཁྱ་དགེ་ཡུལ་དུ་གདུང་རུས་ཁྱུང་པོ་ལས་མཆེད་པའི་ཡབ་ཀླུ་འབུམ་ཡགས་དང་། ཡུམ་ལྷ་མོ་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ལྕགས་[158]ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1740 ལོར་སྐུ་གཤེགས། དགུང་ལོ་བདུན་པར་ཡི་གེའི་འབྲི་ཀློག་ལ་ལེགས་པར་སྦྱངས་ཏེ་སློབ་དཔོན་དོན་ཡོད་འབྱུང་གནས་ཀྱི་དྲུང་དུ་སྨོན་ལམ་སྣ་ལྔ་དང་འཇམ་དཔལ་མཚན་བརྗོད་བཅས་བློར་སྦྱངས་བྱས། དགུང་ལོ་བཅུ་གཅིག་པར་གོང་མ་ལུང་རིགས་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས། དེ་ནས་ལོ་འགའ་སོང་རྗེས་ཅོ་ནེའི་ཆོས་རྗེ་དང་ཁུ་བོ་ཤེས་རབ་དོན་ཡོད་བཅས་དང་མཉམ་དུ་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། གུང་ཐང་སྐུ་ཐོག་དང་པོ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་དང་འཛིན་གྲྭ་གཅིག་ཡིན། ཚད་མ་དང་ཕར་ཕྱིན། འདུལ་བ་དང་ལམ་རིམ་བཅས་དཔོན་སློབ་དོན་གྲུབ་རྒྱ་མཚོའི་དྲུང་ནས་སྦྱངས་ཏེ་གསང་ཕུར་དཀའ་བཅུའི་གྲྭ་སྐོར་མཛད་པས་འཇམ་དབྱངས་ཀ་བ་ཐོབ། དེ་ནས་ཁྲི་བློ་གྲོས་རྒྱ་མཚོ་དང་། བཀའ་འགྱུར་བ་སྤྱིན་པ་རྒྱ་མཚོ། ཆོས་རྗེ་བློ་བཟང་དར་རྒྱས། རྡོ་རྗེ་འཆང་གཙང་པ་ངག་དབང་སྦྱིན་པ། མཁན་ཆེན་སྐྱོ་མོ་ལུང་པ། འབྲུག་པ་དཔོན་སློབ་ངག་དབང་བློ་གྲོས། ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ། དཔོན་སློབ་ངག་དབང་དོན་གྲུབ། ཚིས་ཁང་དགེ་བཤེས་ཆོས་སྐྱོང་རྒྱ་མཚོ་སོགས་མཁས་གྲུབ་དུ་མ་ལས་ཟབ་ཆོས་དབང་པོར་གསན། ཕ་བོང་ཁ་བ་མཁན་པོ་ངག་དབང་བསྟན་འཛིན་ལས་དགེ་སློང་གི་སྡོམ་པ་མནོས། ཁྱད་པར་དུ་ཀུན་མཁྱེན་འཇམ་བཞད་དམ་དབལ་ཤུལ་ངག་དབང་བརྩོན་འགྲུས་རྩ་བའི་བླ་མར་བསྟེན་པས། ཁོང་ཉིད་དང་ཐང་སག་པ་དངོས་གྲུབ་རྒྱ་མཚོ། གྲུབ་དབང་འཇམ་[159]དཔལ་རྒྱ་མཚོ། མཁར་རྡོ་བཟོད་པ་རྒྱ་མཚོ་བཞི་ལ་སྲས་ཀྱི་ཐུ་བོ་བཞིར་གྲགས། ཡང་ཁོང་ཉིད་དང་དཔོན་སློབ་གྲགས་པ་བཤད་སྒྲུབ། སྟག་ཚང་དཔོན་སློབ་རྣམས་ལ་དཔོན་སློབ་རྣམ་གསུམ་ཟེར། དེ་ནས་ཕ་ཡུལ་དུ་ཕེབས་ཏེ་རང་དགོན་ཁྱ་དགེ་ལེགས་བཤད་གླིང་དུ་འདུ་ཁང་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། བྱ་ཁྱུང་དགོན་དུ་དམ་བཅའ་བཞག་ནས་དགོན་ལུང་དགོན་དང་། ཆུ་བཟང་། གསེར་ཁོག སྐུ་འབུམ་བཅས་སུ་ཞབས་ཀྱིས་བཅགས། དགུང་ལོ་མཐོན་པོར་ཕེབས་དུས་རི་ཁྲོད་འགྲིམས། ཁོང་གི་གསུང་རྩོམ་ནི་རྣམ་ཐར་དང་། གསོལ་འདེབས། བསང་ཡིག ཆོ་ག ཕྱག་ལེན་སོགས་བསྟན་བཅོས་བཅུ་དྲུག་ཡོད་པ་དེ་པོ་ཏི་གཅིག་ཏུ་བསྡུས་ཏེ་ཤིང་པར་དུ་བཏབ། ད་ལྟ་པོ་ཏི་གཅིག་དེ་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་འདུག

language:
Tibetan