- khri bkra shis lde
- ID:
- T225457
- ཁྲི་བཀྲ་ཤིས་ལྡེ (Tibetan, Tibetan script, Original)
- > khri bkra shis lde (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri tashi dé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་ཀྱི་བཙན་པོའི་གདུང་རྒྱུད་དཔལ་ལྡེའི་རྒྱུད་པ་ཡབ་ཁྲི་ཆོས་སྐྱོང་ལྡེ་དང༌། ཡུམ་ས་སྐྱའི་བདག་ཆེན་བཟང་པོ་དཔལ་བའི་སྲས་མོ་ཀུན་དགའ་འབུམ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་བྱི(༡༣༡༢)ལོར་འཁྲུངས། དགུང་ལོ་སོ་དགུ་པ་རབ་བྱུང་དྲུག་པའི་ལྕགས་སྟག་(༡༣༥༠)ལོར་ཡབ་གཤེགས་རྗེས་སྲིད་དབང་བཟུང༌། ཡབ་ཀྱི་དགོངས་རྫོགས་སུ་སྟོན་མཆོག་ཐུབ་པའི་དབང་པོའི་སྐུ་བརྙན་དང༌། ཡུམ་གྱི་དགོངས་རྫོགས་སུ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་རིན་པོ་ཆེ་དུ་མས་ཕྲ་རྒྱན་གྱིས་མཛེས་པ་བཞེངས། རྫོང་དཀར་ཕོ་བྲང་དང༌། ཆོས་སྡེའི་ལྕགས་རི་ཕྱི་མ། ལྕགས་རི་ཆེན་མོའི་ལྕགས་སྐོར། སྟག་ཚང་སྤེ་ཆེན་གྱི་ལྕགས་རིའི་འོག་ནས་རྒྱང་རིང་པོར་ཤར་བསྐྱོད་ཐུབ་པའི་དོང་ལམ་དང་གསང་སྒོ་སྤེའུ། ཕོ་བྲང་དང༌། ཆོས་སྡེའི་ནང་དུ་ཁྲོན་པ་སོགས་སྲུང་སྐྱོབ་ལ་མཁོ་བའི་འཛུགས་སྐྲུན་མང་པོ་གནང༌། གངས་རིན་པོ་ཆེའི་ཤར་ཕྱོགས་དྲ་ལ་ཁུལ་ནས་གསེར་མང་པོ་རྙེད་པ་རྣམས་ཆུད་ཟོས་སུ་མི་འགྲོ་བའི་ཆེད་དུ་བསྟན་འགྱུར་ཆ་ཚང་གསེར་ཡིག་བྲིས་པ་བཞེངས་ཏེ་དེའི་ཞུས་དག་གནང་མཁན་ལ་ལོ་ཙཱ་བ་ཆེན་པོ་བྱང་ཆུབ་རྩེ་མོ་སོགས་མཁས་དབང་མང་པོ་སྤྱན་དྲངས་ཤིང༌། གླེགས་བམ་ཚང་མའི་གླེགས་ཤིང་ལ་གསེར་རིས་དང༌། བསྡེམ་ཐག་སི་ཏཱ་ཧོ(སི་ཤན་ལས་བཟོས་པའི་ཐག་པ)ལས་བཟོས་པའི་གླེགས་ཐགདཔེ་སྒྲིལ་བཟང་གོས་ཤ་སྟག་ལས་གྲུབ་པ་རྒྱུ་ཚོགས་དང་སྤུས་ཚད་འགྲན་ཟླ་མེད་པ་ཞིག་བཞེངས་ནས་རབ་བྱུང་དྲུག་པའི་ཆུ་ཡོས(༡༣༦༣)ལོར་ལེགས་པར་གྲུབ་སྟེ་རབ་གནས་ཞུས། ད་དུང་གསེར་ཡིག་གིས་བྲིས་པའི་བཀའ་འགྱུར་ཆ་ཚང་བཞེངས་རྒྱུའི་ཤོག་བུ་གྲ་སྒྲིག་གྲུབ་པའི་མཚམས་སུ། རབ་བྱུང་དྲུག་པའི་ཤིང་སྦྲུལ(༡༣༦༥)ལོར་གཤེགས། དེའི་སྐོར<<བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ>>ཞེས་པའི་ཤོག་གྲངས༡༡༣ནས༡༡༧་བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
བོད་ཀྱི་བཙན་པོའི་གདུང་རྒྱུད་དཔལ་ལྡེའི་རྒྱུད་པ་ཡབ་ཁྲི་ཆོས་སྐྱོང་ལྡེ་དང་། ཡུམ་ས་སྐྱའི་བདག་ཆེན་བཟང་པོ་དཔལ་བའི་སྲས་མོ་ཀུན་དགའ་འབུམ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་བྱི (༡༣༡༢) ལོར་འཁྲུངས། རབ་བྱུང་དྲུག་པའི་ཤིང་སྦྲུལ (༡༣༦༥) ལོར་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་ལྔ་པའི་ཆུ་ཕོ་བྱི་ལོ་སྟེ་སྤྱི་ལོ 1312 ལོར་གུང་ཐང་ཁབ་གོང་དུ་ཡབ་ཆོས་སྐྱོང་ལྡེ་དང་། ཡུམ་ཀུན་དགའ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ཤིང་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1365 ལོར་སྐུ་གཤེགས། ཁོང་གིས་ཐོག་མར་དགེ་བའི་བཤེས་གཉེན་ལ་བསྟེན་ནས་དཔེ་ཡིག་ལུང་གསུམ་ལ་སྦྱངས་པ་མཛད། དེ་ནས་ཝང་ཀུན་དགའ་ལེགས་པའི་སྲས་མོ་བསོད་ནམས་འབུམ་ཁབ་ཏུ་བཞེས་ཏེ་རབ་བྱུང་དྲུག་པའི་ས་ཕོ་སྟག་ལོ་སྟེ་སྤྱི་ལོ 1338 ལོར་རིགས་སྲས་ཁྲི་ཕུན་ཚོགས་ལྡེ་སྐུ་འཁྲུངས། དགུང་ལོ་སུམ་ཅུ་སོ་དགུ་པ་རབ་བྱུང་དྲུག་པའི་ཆུ་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1352 ལོར་མང་ཡུལ་གུང་ཐང་གི་ཆབ་སྲིད་བསྐྱངས་ནས་ཡབ་ཀྱི་དགོངས་རྫོགས་སུ་སྟོན་པ་ཤཱཀྱ་སེང་གེའི་སྐུ་བརྙན་དང་། ཡུམ་གྱི་ཆེད་དུ་སྒྲོལ་མའི་སྐུ་བརྙན་གཉིས་ཀ་མི་ཚད་ལས་མཐོ་ཞིང་གཡུ་རྙིང་ཁྱད་པར་ཅན་སོགས་རིན་པོ་ཆེའི་འཕྲ་ཚོམ་གྱིས་མཛེས་པར་བརྒྱན་པ་བཞེངས་ཤིང་། བསྟན་འགྱུར་ཡང་གསེར་གྱི་ཡང་ཞུན་གྱིས་བཞེངས་ཏེ་རབ་བྱུང་དྲུག་པའི་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ1363ལོར་ལོ་ཆེན་བྱང་ཆུབ་རྩེ་མོ་སོགས་ཀྱིས་ཞུས་དག་དང་རབ་གནས་ལེགས་པར་མཛད་དོ། གཞན་ཡང་རྫོང་དཀར་གྱི་ལྕགས་རི་ཕྱི་མ་དང་། ལྕགས་རི་ཆེན་པོའི་ལྕགས་སྐོར། སྟག་ཚང་དཔེའུ་ཆེན་གྱི་ལྕགས་ཁང་ལྕགས་རིའི་འོག་ས་འོག་ནས་རྒྱང་རིང་པོར་འཐོན་[170]པའི་གསང་སྒོ་དཔེའུ། རྫོང་གི་དབུས་དང་། ཆོས་སྡེའི་ནང་དུ་ཁྲོན་ཆུ་བཟང་པོ་བཏོན་པ་དང་། རྡོ་ཀྱོང་ཆེན་པོ་སོགས་ཉེ་བར་སྤྱོད་པའི་རིགས་བཅས་ཞིབ་ཚགས་མཛད། ཁོང་ནི་མང་ཡུལ་གུང་ཐང་གི་རྒྱལ་རབས་བཅུ་གསུམ་པ་ཡིན་ནོ༎
- language:
- Tibetan