Skip to main content Skip to search
khri rgyal bsod nams lde
ID:
T225465
  • ཁྲི་རྒྱལ་བསོད་ནམས་ལྡེ (Tibetan, Tibetan script, Original)
    • > khri rgyal bsod nams lde (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri gyal sönam dé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མངའ་རིས་གུང་ཐང་གི་རྒྱལ་པོ་ཁྲི་ཕུན་ཚོགས་ལྡེ་དང༌། བཙུན་མོ་བྱང་པ་ཏཱ་དབེན་གྱི་སྲས་མོ་ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲས། རབ་བྱུང་དྲུག་པའི་ལྕགས་ཕག(༡༣༧༡)ལོར་འཁྲུངས། དགུང་ལོ་གཞོན་དུས་བྱང་པ་ཏཱ་དབེན་གྱིས་ཡབ་རྒྱལ་པོ་དང་སྲས་གཉིས་བར་ཕྲ་མ་བཅུག་སྟེ་ཡབ་ཕུན་ཚོགས་ལྡེ་དགུང་ལོ་སོ་ཀསུམ་པ་ལྕགས་ཁྱི(༡༣༧༠)ལོར་བཀྲོངས་ཤིང༌། བྱང་པ་ཏཱ་དབེན་གྱིས་གུང་ཐང་གི་སྲིད་དབང་ལོ་ལྔ་རིང་བཟུང་འིང༌། གུང་ཐང་གི་སྲིད་དོན་དང་དཔལ་འབྱོར་ལ་གནོད་འཚེ་ཆེན་པོ་བྱས་པར་བརྟེན། བློན་པོ་ལྷ་རྗེ་ཆོས་སྐྱོང་སོགས་མི་བཞིས་ཐབས་ཤེས་སྣ་ཚོགས་ཀྱི་སྐོ་ནས་བྱང་པ་ཕྱིར་འབུད་བྱས། སྲས་སྐུ་མཆེད་གཉིས་ལ་སྲིད་དབང་འཛིན་དུ་བཅུགདེ་ནས་མི་རིང་བར་སྲས་རྒན་པ་མཆོག་གྲུབ་ལྡེ་དང༌། ཆུང་བ་བསོད་ནམས་ལྡེ་གཉིས་ཕྲན་བུ་མ་མཐུན་པ་བྱུང་བར་བརྟེན་ཆུང་བ་བསོད་ནམས་ལྡེ་པུ་རང་དུ་བཞུགས་རྒྱུའི་རྩིས་ཀྱིས་ཕེབས་པའི་ཤུལ་དུ་གཅེན་མཆོག་གྲུབ་ལྡེ་རྟ་བཅག་པར་ཕེབས་སྐབས་རྟས་བསྐྱུར་ཏེ་གཤེགས། བློན་པོ་རྣམས་ཀྱིས་གཅུང་བསོད་ནམས་ལྡེ་ས་དགའ་གྲོ་ཤོད་དུ་ཡོད་པར་ཕེབས་རྗེས་ཟིན་ཏེ་རྫོང་དཀར་དུ་གདན་དྲངས་ནས་སྲིད་ཁྲིར་བཀོད། གཅེན་གཤེགས་པའི་དགོངས་རྫོགས་རྣམས་ལེགས་པར་བསྒྲུབས། མངའ་འོག་རྣམས་ཚོ་བཞིར་བཅད་ནས(འཚོ་བ་རབ། འབྲིང༌། ཐ། ཡང་ཐ་བཅས་བཞི)དབུལ་ཕྱུག་ལན་གསུམ་སྙོམས། དགུང་ལོ་བཅུ་དགུ་ནས་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་རྩ་བའི་བླ་མར་བསྟེན་ནས་སྔ་འགྱུར་གྱི་ཆོས་མང་དུ་གསན། རྗེ་བཙུན་མི་ལའི་སྒྲུབ་གནས་རི་བོ་དཔལ་འབར་གྱི་དགོན་གནས་གཞི་དང་བཅས་པ་ཕུལ། གཞན་ཡང་བོ་དོང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། ལོ་ཙཱ་བ་ངག་དབང་གྲགས་པ། རེད་མདའ་བ་གཞོན་ནུ་བློ་གྲོས་རྣམས་བསྟེན་ནས་གསང་སྔགས་གསར་མའི་ཆོས་ཀྱང་མང་དུ་གསན། མངའ་རིས་གུང་ཐང་ཆོས་སྡེ་ཆེན་པོར་གྲྭ་ཚང་བཅུ་དྲུག་གི་རྨང་གཞི་བཙུགས་པ་སོགས་ཆོས་སྲིད་གཉིས་ཀའི་མཛད་རྗེས་རྒྱ་ཆེ་བའི་ངང་དགུང་ལོ་སོ་བཞི་པ་རབ་བྱུང་བདུན་པའི་ཤིང་སྤྲེལ(༡༤༠༤)ལོར་གཤེགས། འདིའི་སྲས་ནས་ཆོས་རྗེ་ཀུན་བཟང་པའི་བར་དཔལ་ལྡེའི་སྲས་དམར་པོ་ལྡེ་བགྲངས་ན་ཉི་ཤུ་རྩ་བཞི་དང༌། དེ་མ་བགྲངས་ན་རྒྱལ་རབས་ཉི་ཤུ་རྩ་གསུམ་ཡོད་སྐོར་ལོ་རྒྱུས་ཡིག་ཚང་དུ་གསལ་ལོ། །ལོ་རྒྱུས་རྒྱས་པ<<བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ>>ཞེས་པའི་ཤོག་གྲངས༡༡༧ནས༡༢༡བར་གསལ།

language:
Tibetan

2. Thupten Phuntsok Dictionary

མངའ་རིས་གུང་ཐང་གི་རྒྱལ་པོ་ཁྲི་ཕུན་ཚོགས་ལྡེ་དང་། བཙུན་མོ་བྱང་པ་ཏཱ་དབེན་གྱི་སྲས་མོ་ནམ་མཁའ་རྒྱལ་མོ་གཉིས་ཀྱི་སྲས། རབ་བྱུང་དྲུག་པའི་ལྕགས་ཕག (༡༣༧༡) ལོར་སྐུ་འཁྲུངས། མངའ་རིས་གུང་ཐང་ཆོས་སྡེ་ཆེན་པོར་གྲྭ་ཚང་བཅུ་དྲུག་གི་རྨང་གཞི་བཙུགས་པ་སོགས་ཆོས་སྲིད་གཉིས་ཀའི་མཛད་རྗེས་རྒྱ་ཆེ་བའི་ངང་དགུང་ལོ་སོ་བཞི་པ་རབ་བྱུང་བདུན་པའི་ཤིང་སྤྲེལ (༡༤༠༤) ལོར་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དྲུག་པའི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ 1371 ལོར་གུང་ཐང་ཁབ་གོང་དུ་ཡབ་ཁྲི་ཕུན་ཚོགས་ལྡེ་དང་། ཡུམ་ནམ་མཁའ་འབུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1404 ལོར་སྐུ་གཤེགས། ཁོང་གིས་ཐོག་མར་དགེ་བའི་བཤེས་གཉེན་བོ་དོང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་དང་། རྗེ་སེང་གེ་བཟང་པོ། ལོ་ཙཱ་བ་ངག་དབང་གྲགས་པ། རེད་མདའ་བ་གཞོན་ནུ་བློ་གྲོས་བཅས་ལ་བསྟེན་ནས་མདོ་སྔགས་རིག་གནས་ལ་སྦྱངས་པ་མཛད། དེ་ནས་མང་ཡུལ་གུང་ཐང་གི་ཆབ་བསྐྱངས་ཏེ་ལ་སྟོད་ལྷོ་བྱང་ཤེར་པ་དང་པུ་རངས་སོགས་ཀྱང་མངའ་འོག་ཏུ་བསྡུས་ཏེ་དབུལ་ཕྱུག་ལན་གསུམ་དུ་སྙོམས་པར་གྲགས། དགུང་ལོ་ཉི་ཤུ་ཐམ་པ་རབ་བྱུང་བདུན་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ 1390 ལོར་གུང་ཐང་དུ་བཤད་གྲྭ་དང་འབྲེལ་བའི་ཆོས་སྡེ་ཆེན་པོ་གྲྭ་ཚང་བཅུ་[173]དྲུག་གི་གྲངས་དང་ལྡན་པ་ལེགས་པར་བསྐྲུན། ལོ་ཙ་བ་གྲགས་པ་རྒྱལ་མཚན་ཆོས་དཔོན་དུ་བསྐོས། ཆོས་རྗེ་སེང་གེ་བཟང་པོའི་བཞུགས་གནས་བསམ་གཏན་གླིང་དང་། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་བཞུགས་གནས་སྐྱིད་གྲོང་མེ་ཏོག་མདངས་ཅན་སོགས་བཞེངས་པར་མཐུན་རྐྱེན་ལེགས་པར་སྦྱར། གུ་གེ་ནས་མངའ་བདག་མ་ཆེན་མོ་ཆོས་སྐྱོང་རྒྱལ་མོ་ཁབ་ཏུ་བཞེས་ཏེ་རིགས་སྲས་བསོད་ནམས་རྒྱལ་མཚན་དང་ལྷ་དབང་རྒྱལ་མཚན་གཉིས་སྐུ་འཁྲུངས་ཤིང་། དགུང་ལོ་སུམ་ཅུ་སོ་བཞི་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་མང་ཡུལ་གུང་ཐང་གི་རྒྱལ་རབས་བཅོ་ལྔ་པ་ཡིན་ནོ།།

language:
Tibetan