- khri chen dge 'dun phun tshogs
- ID:
- T225479
- ཁྲི་ཆེན་དགེ་འདུན་ཕུན་ཚོགས (Tibetan, Tibetan script, Original)
- > khri chen dge 'dun phun tshogs (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen gendün püntsok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ)མདོ་སྨད་གཅལ་ཞེས་བྱ་བའི་ཡུལ་དུ་དབལ་ཤུལ་གྱི་རིགས་ལས། ཡབ་འབུམ་ཕྱུག་དང༌། ཡུམ་རྡོ་རྗེ་མཁའ་འགྲོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་བྱི་(༡༦༤༨)ལོར་སྐུ་འཁྲུངས། (དབལ་མང་རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི<<བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས>>ལས་འཁྲུངས་ལོ་ཤིང་སྦྲུལ་ཡིན་པར་གསུངས་པ་བརྟག)དགུང་ལོ་ཆུང་དུས་ནས་རབ་ཏུ་བྱུང་སྟེ་ཆོས་སྒོར་ཞུགས། དགུང་ལོ་བཅོ་ལྔ་པ་ཆུ་སྟག(༡༦༦༢)ལོར་དབུས་སུ་བྱོན་ནས་འབྲས་སྤུངས་སྒོ་མང་བྱ་བྲལ་ཁང་ཚན་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་པོ་ལྔར་གསན་སྦྱོང་མཐར་ཕྱིན་པ་མཛད། གསེང་དབར་ནམ་བྱུང་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེ། ཁྲི་ཆེན་བློ་གྲོས་རྒྱ་མཚོབཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། གཙང་པ་ངག་དབང་སྦྱིན་པ། འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་སོགས་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་ཧ་ཅང་མང་པོ་གསན། དགེ་བཤེས་ལྷ་རམས་པའི་མཚན་བཏགས་གྲྭ་སྐོར་དམ་བཅའ་འགྲན་ཟླ་བྲལ་བ་གནང་སྟེ། རྒྱུད་སྨད་གྲྭ་ཚང་དུ་སྒྲིགས་ཞུགས་མཛད་ནས། རྒྱུད་པའི་སྒྲིག་སྲོལ་དང༌། ཆོ་ག་ཕྱག་བཞེས། ཁྲིད་སྐྱོང་སོགས་ལ་བྱང་ཆུབ་པར་མཛད། རིམ་བཞིན་རྒྱུད་སྨད་བླ་མ་དབུ་མ། ཛད་དང་མཁན་པོའི་ཁྲིར་ཕེབས། མཁན་པོ་མཛད་རིང་བདེ་ཆེན་གསང་སྔགས་མཁར་གྱི་རྒྱུད་སྨད་འདུ་ཁང་དང༌། ལྷ་སའི་རྒྱུད་སྨད་འདུ་ཁང་བཅས་གསར་རྒྱག་མཛད། བྱང་རྩེ་ཆོས་རྗེའི་ཁྲི་ཐོག་མཛད་རིང<<འགྲེལ་པ་བཞི་སྦྲགས>>ལ་སླར་ཡང་ཞུས་དག་ནན་ཏན་གནང་སྟེ་ཤིང་དཔར་གསར་བསྐྲུན་གནང༌། དགུང་ལོ་རེ་ལྔ་པ་རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག(༡༧༡༢)ལོར་དགའ་ལྡན་ཁྲིར་ཕེབས། ཁྲི་པའི་རྒྱུན་ལྡན་གྱི་མཛད་སྒོ་གོང་འཕེལ་ཐོག དད་འདུས་སློབ་མ་རྣམས་ལ་རང་རང་གི་འདོད་མོས་དང་མཚམས་པའི་ཆོས་བཀའ་མང་དུ་གནང་བས་ཞལ་སློབ་གྲགས་པ་ཅན་མང་པོ་བྱུང༌། དགའ་ལྡན་ཁྲི་པ་གནང་རིང་མཚོ་སྔོན་ཆིང་ཝང་བློ་བཟང་བསྟན་འཛིན་ལ་བཀའ་གནང་སྟེ། རྗེ་བླ་མའི་དངུལ་གདུང་གི་ཕྱི་ནས་གསེར་སྦྱངས་ཀྱིས་གཡོགས་ཏེ་གསེར་གདུང་དུ་བསྒྱུར། དགའ་ལྡན་ཁྲི་པའི་ལོ་དུས་གཙང་ནས་ས་གནས་སྲིད་གཞུང་དང༌། དཔོན་རིགས་ཁག་ནས་རེ་བསྐུལ་ཞུས་པ་ལྟར་ཚལ་གུང་ཐང་གཙུག་ལག་ཁང་དགོན་པ་དང་བཅས་པའི་འཛིན་བདག་གནང་ནས་ཞིག་གསོ་དང༌། གསར་བཞེངས་སོགས་གང་ལ་གང་འོས་ཀྱི་འཛིན་སྐྱོང་ཚགས་སུ་ཚུད་པ་མཛད་ནས། དགུང་ལོ་དོན་བདུན་པ་རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ(༡༧༢༥)ལོར་ཚལ་གུང་ཐང་དུསྐུ་གཤེགས། ཁྲི་ཆེན་དེའི་སྐུ་ཕྲེང་རིམ་བྱོན་རྣམས་ལ་གུང་ཐང་ཚང་ཞེས་ཞུ་བའི་རྒྱུ་མཚན་ཡང་དེ་ལྟར་ཡིན། སྐུ་རུས་ལ་རྟེན་ངོ་མཚར་ཅན་མང་དུ་བྱོན་པ་རྣམས་བདེ་ཆེན་གསང་སྔགས་མཁར་དང༌། བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ནས་སྐུ་བརྙན་ཁག་གི་ནང་རྟེན་དུ་བཞུགས། རྣམ་ཐར་སྐོར། སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ལེ་ཚན[ང]པར་ཤོག་གྲངས་དྲུག་ཡོད། དེ་རྗེས་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་པའི་རྒྱལ་མཚན་རབ་བྱུང་བཅུ་གཉིས་པའི་མེ་ལུག(༡༧༢༧)ལོར་སྐུ་འཁྲུངས་ནས་དགུང་ལོ་སོ་གསུམ་པ་རབ་བྱུང་བཅུ་གསུམ་པའི་མེ་ཡོས་(༡༧༥༩)ལོར་སྐུ་གཤེགས། སྐུ་ཕྲེང་གསུམ་པ་དཀོན་མཆོག་བསྟན་པའི་སྒྲོན་མེ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ(༡༧༦༢)ལོར་སྐུ་འཁྲུངས་ནས་དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་བཞི་པའི་ཆུ་ལུག(༡༨༢༣)ལོར་སྐུ་གཤེགས། སྐུ་ཕྲེང་བཞི་པ་དཀོན་མཆོག་བསྟན་པའི་རྒྱ་མཚོ་རབ་བྱུང༌། བཅུ་བཞི་པའི་ཤིང‘སྤྲེལ(༡༨༢༤)ལོར་སྐུ་འཁྲུངས་ཏེ་དགུང་ལོ་སོ་དྲུག་པ་རབ་བྱུང་དེ་གའི་ས་ལུག(༡༨༥༩)ལོར་སྐུ་གཤེགས། སྐུ་ཕྲེང་ལྔ་པ་འཇམ་དབྱངས་བསྟན་པའི་ཉི་མ་རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ(༡༨༦༠)ལོར་སྐུ་འཁྲུངས་ནས་རབ་བྱུང་བཅོ་ལྔ་པའི་སྨད་དུ་སྐུ་གཤེགས། སྐུ་ཕྲེང་དྲུག་པ་ད་ལྟའི་མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་བསྟན་པའི་དབང་ཕྱུག་རབ་བྱུང་བཅོ་ལྔ་པའི༌། མེ‘སྟག(༡༩༢༦)ལོར་སྟག་ཟླ། སྟག་ཉི། སྟག་གི་དུས་བཅས་སྟག་བཞི་འཛོམས་ལ་སྐུ་འཁྲུངས། ད་ལྟ་དགུང་ལོ༌། བདུན་ཅུ་པ་བསྟན་འགྲོའི་མགོན་དུ་སྐུ་ཚེ་ཞབས་པད་བརྟན་བཞིན་པར་བཞུགས་སོ། སྐུ་ཕྲེང་སོ་སོའི་མཛད་རྣམ་ཅུང་ཞིབ་པ་གཤམ་དུ་ག་སྡེའི(གུང)ནང་གསལ་བ་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ) མདོ་སྨད་གཅལ་ཞེས་བྱ་བའི་ཡུལ་དུ་དབལ་ཤུལ་གྱི་རིགས་ལས། ཡབ་འབུམ་ཕྱུག་དང་། ཡུམ་རྡོ་རྗེ་མཁའ་འགྲོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་བྱི (༡༦༤༨) ལོར་སྐུ་འཁྲུངས། དགུང་ལོ་རེ་ལྔ་པ་རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག (༡༧༡༢) ལོར་དགའ་ལྡན་ཁྲིར་ཕེབས། དགུང་ལོ་དོན་བདུན་པ་རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ (༡༧༢༥) ལོར་ཚལ་གུང་ཐང་དུ་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ 1648 ལོར་མདོ་སྨད་རྨ་ཆུ་འགྲམ་ངོཊ་གཅའ་ཁོག་ཏ་རིའི་རྩེ་རྒྱལ་གྱི་འདབས་སུ་ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་རྩེ་དབུས་བྱམས་ཤུལ་གྱི་རིགས་ལས་འཕྲོས་པ། ཡབ་འབུམ་ཕྱུག་དང་ཡུམ་རྡོ་རྗེ་མཁའ་འགྲོ་[174]གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ1724ལོར་སྐུ་གཤེགས། དགུང་ལོ་བཅོ་ལྔ་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཏེ་བསྡུས་ར་དང་ཕར་ཕྱིན། འདུལ་བ་དང་རྣམ་འགྲེལ་བཅས་ལ་སྦྱངས། དེ་ནས་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་གསང་ཆེན་རྡོ་རྗེ་ཐེག་པའི་གཞུང་ལུགས་ལ་ལེགས་པར་སྦྱངས་ཏེ་མདོ་སྔགས་ཟུང་འབྲེལ་གྱི་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་ཞེས་སྙན་གྲགས་དབྱར་གྱི་རྔ་གསང་ལྡིར་བ་བཞིན་དུ་བྱུང་། དགུང་ལོ་དྲུག་ཅུ་རེ་བཞི་བར་དགའ་ལྡན་གསེར་ཁྲི་སྟེང་དུ་བྱོན་ཏེ་ཁྲི་རབས་ལྔ་བཅུ་པ་ཡིན། དེ་ནས་བཟུང་འཆད་མཉན་དང་སྒྲིག་ལམ། གཏོང་སྒོ་དང་འཛིན་ཐེབས་སོགས་ཆ་གང་ཐད་ནས་ཀྱང་ཡར་རྒྱས་སུ་འགྲོ་བར་མཐུན་རྐྱེན་གང་ལེགས་བསྒྲུབས་ནས། རྗེ་བློ་བཟང་གྲགས་པའི་སྔར་གྱི་དངུལ་གདུང་དེ་གསེར་གདུང་དུ་བསྒྱུར་བས་དགའ་ལྡན་གསེར་གདུང་ཆེན་མོ་ཞེས་ཡོངས་སུ་གྲགས་དེ་བཞེངས་སོ། དེ་ནས་འགྲོ་མགོན་ཞང་གཡུ་བྲག་པ་ཆེན་པོའི་གདན་ས་ཚལ་གུང་ཐང་གི་གཙུག་ལག་ཁང་རྟེན་དང་བཅས་པ་ཉམས་རྒུད་ཆེ་བའང་ཕྱི་ནང (ཚལ་ཡང་དགོན། གུང་ཐང་། ལྷ་ཆེན། འབུམ་ཁང་) ཀུན་ཏུ་ཞིག་གསོས་རྒྱ་ཆེན་པོ་མཛད། ཁོང་གི་སྐུ་སྨད་དུ་བོད་ལ་དུས་འཁྲུགས་མང་བར་བྱུང་ཡང་གཞུང་གི་ལས་དོན་པ་ཀུན་གྱིས་ཡང་བློ་ཕུགས་གཏོད་སར་གྱུར་ཏེ། ལྷ་སའི་ཁྲི་ཐོག་ཁང་ནི་ཁོང་གི་བཞུགས་གནས་སུ་གཞུང་ས་རང་ནས་གསར་དུ་བསྐྲུན། སྐུ་ཚེའི་མཇུག་ཏུ་ཕལ་ཆེར་[175]གདན་ས་གུང་ཐང་དུ་བཞུགས་ཏེ། མདོ་སྔགས་ཀྱི་ཆོས་འཁོར་མཐའ་ཡས་པ་བསྐོར་སྟབས། དེ་ནས་བཟུང་སྟེ་སྐུ་ཕྲེང་ཐམས་ཅད་ལ་ཁྲི་ཆེན་གུང་ཐང་ཚང་ཞེས་གྲགས་པ་འདི་བྱུང་བའོ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་མཆོག་སྤྲུལ་པད་དཀར་འཛིན་པ་དང་། ཁྲི་ཆེན་ངག་དབང་མཆོག་ལྡན། རྒྱུད་སྨད་མཁན་པོ་དགེ་འདུན་ལྷུན་གྲུབ། སྒོ་མང་དཔོན་སློབ་བློ་བཟང་དམ་ཆོས། རྒྱལ་སྲས་སྤྲུལ་སྐུ་ཡེ་ཤེས་གྲགས་པ། གྲུབ་པའི་དབང་ཕྱུག་དོན་ཡོད་དོན་གྲུབ། ཨ་ཀ་བསོད་ནམས་བཟང་པོ། བསེ་ངག་དབང་བཀྲ་ཤིས། སྡེ་པ་བློ་བཟང་དོན་གྲུབ་བཅས་ཡིན་ལ། གསུང་རྩོམ་ནི་བཅའ་ཡིག་སོགས་མང་དུ་མཆིས་སོ།།
- language:
- Tibetan