Skip to main content Skip to search
khri chen rgyal khang rtse pa dpal 'byor rgya mtsho
ID:
T225484
  • ཁྲི་ཆེན་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ (Tibetan, Tibetan script, Original)
    • > khri chen rgyal khang rtse pa dpal 'byor rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen gyalkhang tsepa paljor gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་ཉེར་ལྔ་པ)འཁྲུངས་ཡུལ་སྟོད་ལུང་རམ་པ་གད་པ་ཁར། ཡབ་སྔགས་འཆང་ནོར་བུ་ཚེ་རིང་དང་ཡུམ་དབང་ཕྱུག་མཚོ་གཉིས་ལ་སྲས་བགྲེས་གཞོན་བདུན་ཡོད་པའི་གསུམ་པ་ཡིན། རབ་བྱུང་དགུ་པའི་མེ་ཁྱི(༡༥༢༦)ལོར་འཁྲུངས། དགུང་ལོ་བརྒྱད་པ་ཆུ་སྦྲུལ(༡༥༣༣)ལོར་རྒྱལ་དབང་དགེ་འདུན་རྒྱ་མཚོའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། ཐོག་མའི་མཚན་ལ་རྟ་མགྲིན་ཚེ་དབང་ཞེས་གསོལ། དགུང་ལོ་བཅོ་ལྔ་པ་ལྕགས་བྱི(༡༥༤༠)ལོར་སྐྱོར་མོ་ལུང་དུ་གསང་ཕུ་གླིང་སྨད་ཆོས་རྗེ་ལྷ་དབང་དཔལ་འབྱོར་གྱི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་དཔལ་འབྱོར་རྒྱ་མཚོ་ཞེས་བཏགས། གླིང་སྨད་ཆོས་རྗེ་ཆོས་ཀྱི་གྲགས་པའི་དྲུང་ནས་ཚད་མ་ལ་སྦྱངས་པ་མཛད། པཎ་ཆེན་བསོད་ནམས་གྲགས་པ་འབྲས་སྤུངས་ཀྱི་མཁན་པོ་མཛད་པའི་དྲུང་དུ་བསྟེན་ནས། འདུལ་བ་དང༌། མཛོད་སྐོར། གཞན་ཡང་མདོ་སྔགས་ཀྱི་ཆོས་མང་དུ་གསན། འབྲས་སྤུངས་སྒོ་མང་སློབ་དཔོན་བློ་བཟང་ཨེ་ཝམ་གྱི་དྲུང་ནས་ཕར་ཕྱིན་དང༌། སྒོ་མང་སློབ་དཔོན་ཟུར་པ་ཅོ་ནེ་ཕྱོགས་ལས་རྣམ་རྒྱལ་གྱི་དྲུང་དུ་དབུ་མ་དང་འདུལ་བ་བཅས་ལ་སྦྱངས་པ་མཐར་ཕྱིན་པ་མཛད། དགུང་ལོ་ཉེར་ལྔ་པ་ལྕགས་ཁྱི(༡༥༥༠)ལོར་འབྲས་སྤུངས་སུ་དགེ་བཤེས་གླིང་བསྲེའི་མཚན་བཞེས་གནང༌། ད་དུང་ཐུགས་ཡིད་མ་ཚིམ་པར་བཀྲ་ཤིས་ལྷུན་པོར་ཕེབས་ནས་གནས་རྙིང་ཆོས་ཀྱི་རྒྱལ་མཚན་མཁན་པོ་མཛད་བཞིན་པའི་དྲུང་དུ་བསྟེན་ཏེ་ལོ་གསུམ་གྱི་རིང་ཚད་མ་རྣམ་འགྲེལ་དང་དབུ་མ་ལ་སློབ་གཉེར་བསྐྱར་མ་མཛད། དེ་ནས་གངས་ཅན་ཆོས་འཕེལ། རྒྱལ་རྩེ་དཔལ་འཁོར་སྡེ་ཆེན། དབུས་ཕྱོགས་བཅས་སུ་ཕེབས་ནས། པཎ་ཆེན་ཉི་མ་བཟང་པོ་དང༌། པཎ་ཆེན་བཟང་པོ་བཀྲ་ཤིས། མཁན་ཆེན་དོན་ཡོད་རྒྱལ་མཚན། ཁྲི་ཆེན་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང༌། ཁྲི་ཆེན་དགེ་འདུན་བསྟན་པ་དར་རྒྱས། ཁྲི་ཆེན་ཚེ་བརྟན་རྒྱ་མཚོ་བཅས་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཅིང༌། དད་ལྡན་སློབ་མ་འགའ་ཞིག་ལ་སློབ་ཁྲིད་ཀྱང་མ། ཛད། དགུང་ལོ་སོ་གཅིག་པ་རབ་བྱུང་དགུ་པའི་མེ་འབྲུག(༡༥༥༦)ལོར། དགའ་ལྡན་ཁྲི་ཐོག་ཁང་དུ་ཁྲི་ཆེན་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་གེ་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་སོ་ལྔ་པ་རབ་བྱུང་དགུ་པའི་ས་ལུག(༡༥༥༩)ལོར་རྭ་སྟོད་གྲྭ་ཚང་གི་མཁན་པོར་གདན་དྲངས་པ་ལྟར་ཕེབས་ཏེ་སྔར་སྲོལ་གྱི་འཆད་༡ན་གོང་འཕེལ་དུ་བསྐྱངས། ཆོས་གྲྭ་དཔལ་གྱི་རྩེད་ཐང་སོགས་དགོན་སྡེ་མང་པོར་གདན་དྲངས་པ་ལྟར་ཕེབས་ནས་སོ་སོའི་འདོད་མོས་དང་མཐུན་པའི་ཆོས་བཀའ་མང་དུ་གནང༌། དགུང་ལོ་ཞེ་གཅིག་བའེས་པ་མེ་སྟག(༡༥༦༦)ལོར་རྒྱུད་སྟོད་ཀྱི་མཁན་པོའི་ཁྲིར་ཕེབས། དེའི་རིང་རྒྱུད་སྟོད་གྲྭ་ཚང་དབུས་སྟོད་བྱམས་པ་གླིང་དུ་ཆོས་བར་ལ་ཕེབས་སྲོལ་ཡོད་པ་ལྟར་ཕེབས་ཀྱང༌། ས་ཆའི་བདག་པོས་གནས་གཞི་གཡར་པོ་མ་ཕུལ་བར་བརྟེན། མཁན་སློབ་གྲྭ་དམངས་དང་བཅས་པ་གུར་གྱི་ནང་དུ་བཞུགས། ཕྱུག་པོ་མགོན་པོ་སྐྱབས་ཀྱིས་ཆོས་ཐོག་གེ་གསོལ་ཕོགས་དང༌། གནས་གཞི་ཕུལ། དེ་བཞིན་རྒྱུད་སྟོད་གྲྭ་ཚང་སེ་ར་དརྒོན་པར་དབྱར་ཆོས་སུ་ཕེབས་སྐབས་རྒྱུད་ཁང་མེད་པར་ཅོ་ནེ་གཞུང་པ་ཁང་ཚན་ལ་གནས་གཡར་གྱིས་བཞུགས་དགོས་ཀྱི་ཡོད་སྟབས་དམ་པ་འདིས་ཁང་ཚན་རྒན་གྲས་རྣམས་ལ་བཀའ་གནང་བ་ལྟར་ད་ལྟའི་རྒྱུད་ཁང་ཡོད་སའི་ས་ཆ་རྣམས་ཕུལ་བ་བཞིན། །རྒྱུད་ཁང་གསར་བཞེངས་གནང་ཞིང༌། ཅོ་ནེ་ཚ་རྡོར་ནང༌། སོས་ཕོགས་ཐེབས་ཀྱི་ས་གཞུང་པ་ཁང་ཚན་དགེ་རྒན་འཇམ་དབྱངས་རྒྱལ་མཚན་གྱིས་མཐུན་རྐྱེན་ཞལ་འདེབས༌ཀྱང་ཕུལ་བ་ནས་སེ་རའི་དབྱར་ཆོས་ཀྱི་ཆོས་ཕོགས་ལེགས༌འགྲུབ་བྱུང༌། དགུང་ལོ་ཞེ་དྲུག་པ་རབ་བྱུང་བཅུ་པའི་ལྕགས་ལུག(༡༥༧༡)ལོར་ཤར་པ་ཆོས་རྗེའི་ཁྲིར་ཕེབས་(སྐབས་འདིར་རྣམ་ཐར་བྲིས་མ་དེར་དགུང་ལོ་ཞེ་དགུ་པ་ལུག་གི་ལོ་ཞེས་གསལ་བ་དགུང་རྙིང་ཁྱི་ལོ་ནས་བརྩིས་ན་ཞེ༌དགུ་པ་ཁྱི་ལོ་ཡིན་པས་མི་འགྲིགས)ནས་དགུང་ལོ་དགུའི་བར་བསྐྱངས། དེའི་རིང་ལ་ཤིང་ཁྱི(༡༥༧༤)ལོ་ནས་བཟུང་དབུས་སྟོད་ཁུལ་དུ་འཁྲུགས་པ་ཚབས་ཆེན་བྱུང་བའི༌རྐྱེན་གྱིས་ཆོས་སྡེ་རིན་ཆེན་གླིང་ཞེས་གྲྭ་པ་སློབ་གཉེར་བ་སུམ་བརྒྱ་ཙམ་ཡོད་པ་དེ་བཞིན་རྩ་གཏོར་བཏང་བར་སྣྲ་བརྟེན་དམ་པ་དེས་ཕག་མོ་བའི་དཔོན་རིགས་རྣམས་ཟང་ཟིང་གི་འབྱོར་པ་ཆེན་པོས་ཚིམ་པར་མཛད་དེ་དགོན་པ་བསྐྱར་གསོ་ཆོག་པའི་རེ་བ་ཞུ་གནང་མཛད་པ་ལྟར། རེ་ཞིག་གྲྭ་པ་བཅུ་སྐོར་ཡོད་པའི་དགོན་ཆུང་ཞིག་བཟུང་ཆོག་པའི་འཁྲོལ་ཆ་བྱུང་བ་དེ་རིམ་བཞིན་ཇེ་རྒྱས་སུ་ཕྱིན་སྐབས་དགོན་སྡེ་འདི་ཐོག་མར་ཕྱག་འདེབས་མཛད་པ་པོ་ཁྲི་ཆེན་བྱམས་པ་རྒྱ་མཚོ་རང་ལ་ཕྱིར་འབུལ་མཛད། གཞན་ཡང་ཤར་པ་ཆོས་རྗེའི་ཁྲི་ཁུར་བསྐྱངས་པའི་རིང༌། ཐང་སྐྱ། ཕག་མོ། རིན་ཆེན་གླིང༌། དོན་བུ་རི། ཀླུང་ཤོད་འབར་ཚག གསང་ཕུ། སྐྱོར་མོ་ལུང་བཅས་ཀྱི་ཁྲི་ཐོག་ཏུ་གདན་དྲངས་པ་ལྟར་ཕེབས་ནས་གང་ལ་གང་འོས་ཀྱི་ཆོས་འཆད་ཉན་དང༌། སྒྲིག་ལམ་དག་ཐེར། ༡མས་གསོ། ཆོས་ཐེབས་སྦྱོར་བ་སོགས་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་སྐྱོང་བར་མཛད། དགུང་ལོ་ང་བདུན་པ་ཆུ་རྟ་(༡༥༨༢)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་ལོ་ངོ་བརྒྱད་ཀྱི་བར་བསྐྱངས་ཤིང༌། དེའི་རིང་ཁྲི་ཐོག་ཁང་གི་ཉམས་གསོ་གསར་བཞེངས་དང་ཁྱད་པར་མེད་པ་ཞིག་མཛད་ཅིང༌། ཞོར་ལ་མདོ་སྔགས་ཀྱི་ཆོས་བཀའ་ཡང་རྒྱུན་མི་ཆད་པར་གནང་ནས་ས་གླང(༡༥༨༩)ལོར་རྒྱལ་ཚབ་རྗེའི་གཟིམས་ཁང་རྒྱལ་ཁང་རྩེར་ཟུར་བཞུགས་གནང་བས་ཁྲི་ཆེན་རྒྱལ་ཁང་རྩེ་པར་གྲགས། ཤིང་ལུག(༡༥༩༥)ལོར། སྐྱིད་ཤོད་སྡེ་པ་གཡུལ་རྒྱལ་ནོར་བུར་བཀའ་གནང་སྟེ་དགའ་ལྡན་སྒྲུབ་མཆོད་ཆེན་མོ་ཉམས་གསོ་མཛད་པ་དང་དུས་མཚུངས་དགའ་ལྡན་གསེར་གདུང་གི་རྒྱ་ཕིབས་ཉམས་གསོ་གསར་བཞེངས་གནང་བ་སོགས་མཛད་རྗེས་རླབས་ཆེ་བའི་ངང་ནས་དགུང་ལོ་དོན་བཞིར་ཕེབས་པ་རབ་བྱུང་བཅུ་པའི་ས་ཕག(༡༥༩༩)ལོར་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་པའི་སྐབས་བྱོན་པའི་རྟེན་ཁྱད་པར་ཅན་རྣམས་ནང་རྟེན་དུ་བཞུགས་པའི་དངུལ་གདུང་ལྷ་བབས་མཆོད་རྟེན་ཆེ་བ་ཞིག་རྒྱ་གུར་ཆེན་མོའི་མདུན་ངོས་ཕྱིའི་གཡས་ཕྱོགས་དེར་བཞུགས་ཡོད། རྣམ་ཐར་སྐོར། <<དཔལ་ལྡན་བླ་མ་དམ་པ་དཔལ་འབྱོར་རྒྱ་མཚོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་དད་པའི་འཇུག་སྒོ་རབ་ཏུ་གསལ་བ>>ཞེས་ཁ་བྱང་དུ་འཁོད་པ་དཔེ་རྙིང་དབུ་མེད་བྲིས་མ་དཔེ་རིང་ཤོག་གྲངས༨༠ཡོད་པ་ཞིག་བོད་ལྗོངས་དཔེ་མཛོད་ཁང་གི་ཕྱག་དཔེའི་གྲས་ནས་མཇལ་བྱུང་ཞིང༌། མཛད་པ་པོ་ནི་ཁྲི་ཆེན་དམ་པ་དེའི་ཞལ་སློབ་ཆོས་རྗེ་སྐུ་སྐྱེ་ཚེ་རིང་མགོན་པོ་ཡིན་ཚུལ་མཛད་བྱང་དུ་གསལ།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་ཉེར་ལྔ་པ) འཁྲུངས་ཡུལ་སྟོད་ལུང་རམ་པ་གད་པ་ཁར། ཡབ་སྔགས་འཆང་ནོར་བུ་ཚེ་རིང་དང་ཡུམ་དབང་ཕྱུག་མཚོ་གཉིས་ལ་སྲས་བགྲེས་གཞོན་བདུན་ཡོད་པའི་གསུམ་པ་ཡིན། རབ་བྱུང་དགུ་པའི་མེ་ཁྱི (༡༥༢༦) ལོར་འཁྲུངས། དགུང་ལོ་ང་བདུན་པ་ཆུ་རྟ (༡༥༨༢) ལོར་དགའ་ལྡན་ཁྲིར་ཕེབས་ཏེ་ལོ་ངོ་བརྒྱད་ཀྱི་བར་བསྐྱངས་ཤིང་། དེའི་རིང་ཁྲི་ཐོག་ཁང་གི་ཉམས་གསོ་གསར་བཞེངས་དང་ཁྱད་པར་མེད་པ་ཞིག་མཛད། དགུང་ལོ་དོན་བཞིར་ཕེབས་པ་རབ་བྱུང་བཅུ་པའི་ས་ཕག (༡༥༩༩) ལོར་སྐུ་གཤེགས།

language:
Tibetan