- khri chen rgyal mtshan seng ge
- ID:
- T225486
- ཁྲི་ཆེན་རྒྱལ་མཚན་སེང་གེ (Tibetan, Tibetan script, Original)
- > khri chen rgyal mtshan seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri chen gyaltsen sengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་ང་གསུམ་པ)མདོ་སྨད་ཟམ་ཚའི་དེའུ་འགོར་ཡབ་ཚེ་རིང་བཀྲ་ཤིས་དང་ཡུམ་སྙིང་མོ་ལྕགས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་རྟ(༡༦༧༨)ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པ་ཏཱ་དབེན་ཚུལ་ཁྲིམས་སེང་གེ་ལས་རབ་ཏུ་བྱུང་། དགུང་ལོ་ཉེར་བདུན་པ་ཤིང་སྤྲེལ་(༡༧༠༤)ལོར་དབུས་སུ་བྱོན། འབྲས་སྤུངས་སྒོ་མང་གྲྭ་ཚང་དང་ཏཱ་དབེན་ཁང་ཚན་དུ་ཆོས་ཞུགས་མཛད། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དང༌། པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་སོ་དགུ་པ་མེ་སྤྲེལ(༡༧༡༦)ལོར་དགེ་བཤེས་ལྷ་རམས་པའི་མཚན་བཏགས་གྲྭ་སྐོར་མཛད། ཇུན་གར་གྱིས་བོད་ལ་དབང་བསྒྱུར་བྱས་སྐབས་ཀོང་པོ་འབྲུ་ལ་དགོན་པའི་མཁན་པོར་བསྐོས། ལོ་གསུམ་སོང་རྗེས་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་གསང་སྔགས་ལ་སློབ་གཉེར་མཛད། དགུང་ལོ་ཞེ་དགུ་པ་མེ་རྟ(༡༧༢༦)ལོར་རྒྱུད་སྟོད་བླ་མ་དབུ་མཛད་དང༌། དགུང་ལོ་ང་གཅིག་པ་ས་སྤྲེལ(༡༧༢༨)ལོར་རྒྱུད་སྟོད་མཁན་པོའི་ཁྲིར་ཕེབས་ནས་ལོ་གསུམ་བསྐྱངས། དགུང་ལོ་ང་ལྔ་པ་རབ་བྱུང་བཅུ་གཉིས་པའི་ཆུ་བྱི(༡༧༣༢)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་དགའ་ལྡན་ཁྲི་པའི་མཛད་སྒོ་གང་ཡོད་གོང་འཕེལ་ཐོག་བླ་སྤྲུལ་དང་དགེ་བཤེས་མང་པོར་མདོ་སྔགས་ཀྱི་ཆོས་བཀའ་རྒྱུན་མི་ཆད་པར་གནང་བས་སློབ་མ་སྙན་གྲགས་ཅན་མང་དུ་ཐོན། དགའ་ལྡན་ཁྲི་པའི་ལོ་དུས་གཙང་ནས་ལྕགས་སྤྲེལ(༡༧༤༠)ལོ་ནས་ལོ་བརྒྱད་རིང༌། དགེ་བཤེས་བྱ་ཡུལ་བའི་གདན་སའི་འཛིན་བདག་གནང་ནས་གཙོ་བོར་སྐུ་མཚམས་ལ་བཞུགས། མཚོ་སྔོན་ཆིང་ཝང་ཨེར་རྟི་ནི་ཇུ་ནང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་རིན་པོ་ཆེར་རྗེ་ཉིད་ཀྱི་སྐུ་ཚབ་ཏུ་ཁྲི་ཆེན་འདི་ཉིད་གདན་འདྲེན་ཞུས་ཆོག་པའི་གནང་བ་ཞུས་པས་བཀའ་ཕེབས་སུ། དགའ་ལྡན་ཁྲི་རིན་པོ་ཆེ་ས་གནས་ཐག་རིང་དུ་ཕེབས་པའི་སྲོལ་རྒྱུན་མེད་ཀྱང༌། ཆིང་ཝང་ཉིད་དགེ་ལུགས་བསྟན་པའི་སྦྱིན་བདག་གཞན་འགྲན་མ་མཆིས་པ་ཡིན་པར་བརྟེན་ཕེབས་ཆོག་ཅེས་གནང་བ་ཐོབ་སྟེ་ཕེབས་ཁར་རྒྱལ་བ་རང་ཉིད་ཀྱིས་བཞེས་པའི་དབུ་ཞྭ་དང༌། སྐུ་བེར། མི་ཏྲ་དང་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཀྱི་ཐང་ཀ་ཆ་ཚང་དང༌། ཐམ་ཀ་གྲུ་སྒོར་བཅས་གནང་སྐྱེས་སུ་སྩལ། དགུང་ལོ་བདུན་ཅུ་པ་རབ་བྱུང་བཅུ་གསུམ་པའི་མེ་ཡོས(༡༧༤༧)ལོར་མཆོ་སྔོན་ཆིང་ཝང་ཇུ་ནང་གི་ཨུརྒེར་ཕེབས། དེའི་ཕྱི་ལོར་གཙོས་ཀྱི་དགོན་ཆེན་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་ཕྱག་བཏབ། རིམ་བཞིན་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ནས་སློབ་དཔོན་དང་དགེ་རྒན་ཟུར་འཛུགས་སོགས་མཛད་པས་སློབ་གཉེར་འཕེལ་རྒྱས་ཆེན་པོ་བྱུང༌། དགུང་ལོ་དོན་དགུ་པ་རབ་བྱུང་བཅུ་གསུམ་པའི་མེ་བྱི(༡༧༥༦)ལོར་སྐུ་གཤེགས། གསུང་རྩོམ་པོད་བདུན་གཙོས་དགོན་ཆེན་དུ་དཔར་ཡོད། རྣམ་ཐར་སྐོར། སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི་<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ལེ་ཚན[ཇ]པར་ཤོག་གྲངས་བདུན་ཡོད། རྣམ་ཐར་དེ་ལས་རྒྱས་པ་ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེང་གེས་མཛད་པ་ཁ་བྱང་དུ<<རྗེ་བཙུན་བླ་མ་མཁས་དང་གྲུབ་པའི་དབང་ཕྱུག་ཁྲི་ཆེན་རྒྱལ་མཚན་སེང་གེའི་རྣམ་པར་ཐར་པ་ནོར་བུའི་ཆུ་ཤེལ་དཀར་པོའི་ཕྲེང་བ>>ཤོག་གྲངས་སུམ་ཅུ་སོ་གཅིག་ཡོད་པ་དམ་པ་དེའི་གསུང་འབུམ་པོད(ཀ)པའི་ནང་བཞུགས། དེ་རྗེས་སྐུ་ཕྲེང་གཉིས་པ་ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེང་གེ་རབ་བྱུང་བཅུ་གསུམ་པའི་མེ་གླང(༡༧༥༧)ལོར་སྐུ་འཁྲུངས་པ་ལ་གཙོས་ཁྲི་སྤྲུལ་ཟེར། དགུང་ལོ་ཞེ་གསུམ་པ་རབ་བྱུང་བཅུ་བཞི་པའི་ས་བྱ(༡༨༤༩)ལོར་སྐུ་གཤེགས། དེ་ནས་སྐུ་ཕྲེང་འགའ་ཞིག་ཕེབས་ཚོད་འདུག་ཀྱང་དཔྱད་གཞི་མ་རྙེད་ལགས།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་ང་གསུམ་པ) མདོ་སྨད་ཟམ་ཚའི་དེའུ་འགོར་ཡབ་ཚེ་རིང་བཀྲ་ཤིས་དང་ཡུམ་སྙིང་མོ་ལྕགས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་རྟ (༡༦༧༨) ལོར་སྐུ་འཁྲུངས། དགུང་ལོ་ང་ལྔ་རབ་བྱུང་བཅུ་གཉིས་པའི་ཆུ་བྱི (༡༧༣༢) ལོར་དགའ་ལྡན་གྱི་ཁྲིར་ཕེབས། དགུང་ལོ་དོན་དགུ་པ་རབ་བྱུང་བཅུ་གསུམ་པའི་མེ་བྱི་ (༡༧༥༦) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟ་ལོ་སྟེ་སྤྱི་ལོ 1678 ལོར་ད་ལྟའི་ཀན་ལྷོའི་ཀླུ་ཆུ་རྫོང་གི་ཟམ་ཚ་ཞང་ཀ་དེའུ་མགོའི་གྲོང་དུ་ཡབ་ཚེ་རིང་བཀྲ་ཤིས་དང་། ཡུམ་སྙིང་མོ་ལྕགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ 1756 ལོར་སྐུ་གཤེགས། དགུང་ལོ་བཅུ་གཅིག་པར་ཏཱ་དབོན་ཚུལ་ཁྲིམས་སེང་གེ་ལས་རབ་ཏུ་བྱུང་། དམ་པ་དེར་བསྟེན་ནས་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་ཉེར་བདུན་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་ཆོས་གྲྭའི་མཁན་ཁྲི་བཞེས་བཞིན་པའི་ཀུན་མཁྱེན་དབལ་ཤུལ་ངག་དབང་བརྩོན་འགྲུས་ཀྱི་དྲུང་དུ་བསྡུས་གྲྭའི་བརྩི་བཞག་གསན། པན་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་[176]མནོས། དགུང་ལོ་སོ་དགུ་བར་སྨོན་ལམ་གྲྭ་སྐོར་མཛད། དེ་ནས་རྒྱུད་སྟོད་ཆོས་གྲྭར་ཞུགས་ཏེ་སྔགས་ལ་སྦྱངས། དགུང་ལོ་ང་ལྔ་པ་ལ་དགའ་ལྡན་གསེར་ཁྲི་རིན་པོ་ཆེར་ཞབས་ཀྱི་པདྨའི་འཁོར་ལོ་བཀོད། གདན་རབས་ང་གསུམ་པ་ཡིན། དགའ་ལྡན་དགོན་དུ་གསེར་དངུལ་སྲང་མང་པོས་བྱང་ཆུབ་མཆོད་རྟེན་བཞེངས། ཚོགས་མཆོད་ལ་དངུལ་ཊཾ་འགྱེད་དང་སྒོ་མང་ལ་སྲང་རེ་ཕུལ། འདུ་ཁང་སྟེང་དུ་གསེར་གྱི་རྒྱལ་མཚན་ཆ་གཅིག་བཞེངས། དགུང་ལོ་བདུན་ཅུ་བར་མདོ་སྨད་དུ་ཕེབས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོ་དང་མཇལ་འཛོམས་ཀྱིས་ཐུགས་འབྲེལ་ཟབ་པར་གྱུར། རབ་བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1748 ལོར་ཆོས་སྡེ་ཆེན་པོ་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་ཉིད་གསར་དུ་བཏབ། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཆབ་མདོ་འཕགས་པ་ལྷ་དང་། བྲག་ཡབ་སྤྲུལ་སྐུ། བ་སོ་སྤྲུལ་སྐུ། ཐོ་ཡོན་ནོ་མོན་ཧན་བཅས་ཡིན། གསུང་རྩོམ་ནི《གསང་འདུས་རྩ་རྒྱུད་ལེའུ་ལྔ་པ་ཡན་གྱི་འགྲེལ་བ》སོགས་རིན་ཐང་བྲལ་བའི་གཞུང་འགྲེལ་འགའ་དང་བཅའ་ཡིག མགུར་གཞས་སོགས་མང་པོ་བཞུགས་སོ།།
- language:
- Tibetan