- khri chen ngag dbang 'jam dpal tshul khrims
- ID:
- T225491
- ཁྲི་ཆེན་ངག་དབང་འཇམ་དཔལ་ཚུལ་ཁྲིམས (Tibetan, Tibetan script, Original)
- > khri chen ngag dbang 'jam dpal tshul khrims (Tibetan, Latin script, Transliteration-THL Extended Wylie Transliteration)
- > trichen ngawang jampel tsültrim (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་དོན་གསུམ་པ)ཚེ་སྨོན་གླིང་ཧོ་ཐོག་ཐུའི་སྐུ་ཕྲེང་གཉིས་པ་ཡིན། འཁྲུངས་ཡུལ་ཅོ་ནེ་མཛོ་གུང་ཤར་ཞེས་པར་ཡབ་མཁས་གྲུབ་རྒྱ་མཚོ་དང་ཡུམ་རིན་ཆེན་སྒྲོལ་མ་གཉིས་ལ་སྲས་བཞི་ཡོད(༡རྗེ་འདི། ༢མགོན་པོ་དོན་གྲུབ། ༣འཇམ་དཔལ་དབང་ཕྱུག ༤ལྷ་ཁམས་དབང་རྒྱལ་བཅས་ཡོད)པའི་ཆེ་བ་ཡིན། རབ་བྱུང་བཅུ་བཞི་པའི་ཆུ་བྱི(༡༧༩༢)ལོར་འཁྲུངས། དགུང་ལོ་བཞི་པ་ཤིང་ཡོས(༡༧༩༥)ལོར་ཁྲི་ཆེན་ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་ཀྱི་ཡང་སྲིད་དུ་ངོས་འཛིན་གཏན་འཁེལ་ཐོག གོང་མ་ཆེན་ལུང་ལ་སྙན་ཞུ་ཕུལ་བ་ལྟར་ཆོག་མཆན་ཐོབ་སྟེ་ཅོ་ནེ་དགོན་ཆེན་དུ་གདན་དྲངས་ནས་ཁྲི་ལ་བཀོད། མཚན་ཉིད་གྲྭ་ཚང་གི་ལྷ་རམས་པ་ངག་དབང་ཕུན་ཚོགས་དགེ་རྒན་དུ་བསྟེན་ནས་ཡིག་འབྲི་དང༌། སུམ་རྟགས། དགོན་པའི་ཆོས་སྤྱོད་སྐོར། བསྡུས་གྲྭ་བཅས་ལ་སློབ་གཉེར་མཛད། དགུང་ལོ་བཅོ་ལྔ་པ་མེ་སྟག(༡༨༠༦)ལོར་དབུས་སུ་གདན་དྲངས་ནས་སེར་སྨད་གྲྭ་ཚང་དང༌། ཚ་རྡོར་ཁང་ཚན་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་པོ་ལྔའི་སློབ་གཉེར་ཕུལ་དུ་ཕྱིན་པ་གནང་ནས་དགེ་བཤེས་ལྷ་རམས་པ་ཨང་དང་པོའི་མཚན་གནས་བཞེས། དེ་ནས་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཞུགས་ཐོག་གསང་སྔགས་ཀྱི་སློབ༌གཉེར་དང༌། ཆོ་ག་ཕྱག་བཞེས། ལུང་ཁྲིད་མན་ངག་སྐོར༌གསན་བསམ་རྒྱ་ཆེར་མཛད་དེ་རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། ཤར་པ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། དགུང་ལོ་ཉི་ཤུ་རྩ་བརྒྱད་པ་རབ་བྱུང་བཅུ་བཞི་པའི་ས་ཡོས(༡༨༡༩)ལོར་བོད་ས་གནས་སྲིད་གཞུང་གིས་གོང་མ་ཅ་ཆིང་ལ་སྙན་སེང་ཞུས་པ་ལྟར་བོད་ཀྱི་སྲིད་སྐྱོང་དུ་བསྐོས། དེའི་ཕྱི་ལོར་གོང་མ་ཅ་ཆིང་གིས་དགའ་ལྡན་ཤི་རལ་ཐུ་ས་མ་ཏི་པཝི་ཞེས་པའི་ཆོ་ལོ་སྔར་རྒྱུན་ལྟར་གནང་ཞིང་སྲིད་སྐྱོང་གི་ལས་འགན་ལོ་ཉི་ཤུ་རྩ་ལྔའི་རིང་བསྐྱངས། །སྲིད་སྐྱོང་གནང་ནས་ལོ་བདུན་སོང་རྗེས། དགུང་ལོ་སོ་བཞི་པ་ཤིང་བྱ(༡༨༢༥)ལོར་བཞི་སྡེ་གྲྭ་ཚང་གི་ཉེ་འདབས་ཤར་ངོས། དགའ་ལྡན་ཁང་གསར་རྙིང་པའི་ས་ཁོངས་སུ་ཐུབ་བསྟན་ཆོས་འཁོར་གླིང་ཞེས་པའི་དགོན་སྡེ་གཙུག་ལག་ཁང་དང་བཅས་པ་ཕྱག་བཏབ། དེའི་ཕྱི་ལོར་གོང་མ་ཏའོ་ཀོང་གིས་རྣམ་རྒྱལ་ཚེ་སྨོན་གླིང་ཞེས་འཁོད་པའི་སྔགས་བརྗོད་ཀྱི་པེན་གནང༌། དེ་ནས་བཟུང་དགོན་པ་དང་དགོན་བདག་རིན་པོ་ཆེ་གཉིས་ཀར་ཚེ་སྨོན་གླིང་ཞེས་འབོད་སྲོལ་བྱུང༌། དགུང་ལོ་ཞེ་དྲུག་པ་མེ་བྱ་(༡༨༣༧)ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོབདུན་མཐར་ཕྱིན་པ་བསྐྱངས། དམ་པ་འདིས་སྲིད་སྐྱོང་གནང་རིང་ཆོས་སྲིད་གཉིས་ཀའི་ལས་དོན་བཅུན་འདོམས་ཆེ་བ་དང༌། ཁྲིམས་འགལ་རིགས་མཐོ་དམན་སུ་ཞིག་ཡིན་རུང་ནག་ཉེས་ཆེ་ཆུང་ལ་གཞིགས་པའི་ཁྲིམས་ཆད་ནན་པོ་གནང་བ་མ་ཟད། སྔ་རྗེས་སུ་བོད་སྡོད་ཨམ་བན་འུན་ཀེན(文干)དང༌། སུམ་ཧྥིང(松廷)ཧུད་ཤན(显)ཤིན་ཁའོ(兴科)ཆིན་ཀླུད(庆禄)ཀོན་ཧྲན་པའོ(关ཏྲཱི保)རྨང་པའོ(孟保)ཧེ་ཧྥུ(璞)བཅས་བརྒྱད་ཙམ་འབྱོར་བ་རྣམས་དང་མཐུན་སྒྲིལ་ལེགས་པོ་བྱུང་ཡང༌། སྲིད་སྐྱོང་གནང་རྗེས་ཀྱི་ལོ་ཉི་ཤུ་རྩ་ལྔ་པ་ཆུ་ཡོས(༡༨༤༣)ལོར་ཆིས་ཧྲན(祁善)ཨན་བན་འབྱོར་ནས་བོད་ཀྱི་ལས་དོན་ཚང་མར་དམ་པ་འདིར་རྩིས་མེད་ཀྱིས་དབང་ཤེད་ཆེ་བ་དང་བཅས་མི་མཐུན་པའི་འགལ་ཟླ་བྱུང་ཞིང༌། ཕྱོགས་མཚུངས་བཀྲ་ཤིས་ལྷུན་པོའི་བླ་བྲང་གི་སྐྱབས་དབྱིངས་སྨན་རི་བ་བློ་བཟང་སྦྱིན་པ་དང་པཎ་ཆེན་རིན་པོ་ཆེའི་ཡུམ་སྐུ་ཞབས་སོགས་ཞབས་འབྲིང་མཐོ་གྲས་ཁག་གཅིག་དང༌། ས་གནས་སྲིད་གཞུང་གི་དཔོན་རིགས་མཐོ་འབྲིང་ཁག་གཅིག་བཅས་ཚང་མ་ངན་མཐུན་གྱིས་ཆིས་ཧྲན་ཨམ་བན་བརྒྱུད་གོང་མ་ཏའོ་ཀོང་ལ<<སྲིད་སྐྱོང་ནོ་མིན་ཧན་གྱི་ནག་ཁྲ>>ཟེར་བའི་མ་ཉེས་ཁ་གཡོགས་ཀྱི་སྙན་ཞུ་ཕུལ་བར་བརྟེན་དགུང་ལོ་ང་གསུམ་པ་ཤིང་སྦྲུལ(༡༨༤༥)ལོར་གོང་མས་བཀའ་ཕབ་པ་ལྟར་སྲིད་སྐྱོང་གི་ཁྲི་ལས་ཕབས་ཏེ་ཧེ་ལུང་ཅང་ཞིང་ཆེན་དུ་རྒྱང་འབུད་ཐོག་བཙོན་འཇུག་དོ་དམ་འོག་བཞག་སྟེ་ཕྱིན་ཆད་ཡང་སྲིད་རྩད་གཅོད་མི་ཆོག་པ་བཅས་ཀྱི་ཁྱབ་བསྒྲགས་ཀྱང་བྱས། (སྲིད་སྐྱོང་རིན་པོ་ཆེ་ཚེ་སྨོན་གླིང་ནས་འཛིན་བཟུང་དོ་དམ་བྱས་རྗེས་སེར་སྨད་ཀྱི་ཟིང་འཁྲུགས་ཟེར་བ་བྱུང་ཞིང༌། འདི་སྐོར་བཤད་གཞི་ཆེ་བས་འདིར་མ་བྲིས་ཤིང༌། འབྲེལ་ཡོད་ཡིག་ཆ་གཞན་དུ་ཀཟིགས)ལོ་ཤས་སོང་རྗེས་ཅོ་ནེ་དགོན་ཆེན་གྱི་ལས་སྣེ་དང༌། གྲྭ་དམངས། ཡུལ་སྡེ་བཅས་ནས་གོང་མར་སྙན་ཞུ་ཡང་ཡང་ཕུལ་བ་ལྟར། རང་ཡུལ་གྱི་དགོན་པར་བཞུགས་ཆོག་པའི་ཆོག་མཆན་ཐོབ་པ་བཞིན་སྐུ་ཚེའི་སྨད་དུ་ཅོ་ནེ་དགོན་ཆེན་དུ་བཞུགས་ནས་མདོ་སྨད་ཕྱོགས་ཀྱི་དགོན་ཁག་མང་པོར་མདོ་སྔགས་ཀྱི་ཆོས་འཆད་སྤེལ་གནང་ཐུབ་པ་བྱུང༌། དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི(༡༨༦༢)ལོར་སོག་ཡུལ་ཐོར་གོད་ཁུལ་དུ་གདན་ཞུ་བྱུང་བ་ལྟར་ཕེབས་ནས་ཆོས་འཆད་སྤེལ་འགའ་ཞིག་གནང་རྗེས་སྐུ་གཤེགས། འདི་སྐོར་རྣམ་ཐར་ལོ་རྒྱུས་ཡིག་ཆར་འཁོད་པ་དེ་སྔོན་མེད་པའི་ཐོག་ཕྱིས་སུ་བྲིས་པ་རེ་ཟུང་ཀྱང་སྒྲོ་བཏགས་འཁྱོག་བཤད་མང་སྟབས་དཔྱད་གཞིར་བྱ་འོས་མ་མཆིས་པས་འདིར་མ་བྲིས་ཤིང༌། གོང་འཕྲོས་ཀྱི་ལོ་རྒྱུས་རྣམས་དགའ་ལྡན་ཁྲི་ཐོག་གྱ་བདུན་པ་ཚེ་སྨོན་གླིང་སྐུ་ཕྲེང་གསུམ་པའི་ལོ་རྒྱུས་ཐོག་གསལ།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་དོན་གསུམ་པ) ཚེ་སྨོན་གླིང་ཧོ་ཐོག་ཐུའི་སྐུ་ཕྲེང་གཉིས་པ་ཡིན། འཁྲུངས་ཡུལ་ཅོ་ནེ་མཛོ་གུང་ཤར་ཞེས་པར་ཡབ་མཁས་གྲུབ་རྒྱ་མཚོ་དང་ཡུམ་རིན་ཆེན་སྒྲོལ་མ་གཉིས་ལ་སྲས་བཞི་ཡོད་པའི་ཆེ་བ་ཡིན། རབ་བྱུང་བཅུ་བཞི་པའི་ཆུ་བྱི (༡༧༩༢) ལོར་འཁྲུངས། དགུང་ལོ་ཞེ་དྲུག་པ་མེ་བྱ (༡༨༣༧) ལོར་དགའ་ལྡན་ཁྲིར་ཕེབས་ནས་ཁྲི་ལོ་བདུན་མཐར་ཕྱིན་པ་བསྐྱངས། དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི (༡༨༦༢) ལོར་སོག་ཡུལ་ཐོར་གོད་ཁུལ་དུ་གདན་ཞུ་བྱུང་བ་ལྟར་ཕེབས་ནས་ཆོས་འཆད་སྤེལ་འགའ་ཞིག་གནང་རྗེས་སྐུ་གཤེགས།
- language:
- Tibetan