Skip to main content Skip to search
khri chen don grub rgya mtsho
ID:
T225513
  • ཁྲི་ཆེན་དོན་གྲུབ་རྒྱ་མཚོ (Tibetan, Tibetan script, Original)
    • > khri chen don grub rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen döndrub gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའལྡནཁྲི་ཐོག་ཞེ་བརྒྱད་པ)རབ་བྱུང་བཅུ་གཅིག་པའི་ཤིང་ལུག(༡༦༥༥)ལོར་ཀྲེ་ནག་ཚང་གི་ཕྱོགས་སུ་ཡབ་སྤེན་པ་ཚེ་རིང་དང་ཡུམ་དཔལ་བསམ་འཛོམས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ང་དབུས་སུ་ཆོས་བྱེད་པར་འགྲོ་རྒྱུ་ཡིན་པས་དེར་སྐྱོལ་རོགས་ཞེས་ཡབ་ཡུམ་གཉིས་ལ་ཡང་ཡང་གསུངས་པར་བརྟེན་དགུང་ལོ་བཅུ་གསུམ་པ་མེ་ལུག་(༡༦༦༧)ལོར་གཞུང་གི་ནག་ཚང་འགོ་པ་དང་མཉམ་དུ་ཕེབས་ཏེ་ལྷ་སར་འབྱོར་འཕྲལ་འབྲས་སྤུངས་སྒོ་མང་ཁོངས་ཧར་གདོང་ཁང་ཚན་གྱི་ཧོར་མི་ཚན་དུ་སྒྲིགས་ཞུགས་མཛད། གྲྭ་སར་ཞུགས་སྐབས་ཉིན་རེར་ཕྱག་དཔེ་ཤོག་བུ་མདའ་ཚད་མ་བཅུ་རེ་ཙམ་ཐུགས་འཛིན་ཐུབ་པའི་མཁྱེན་རབ་ཀྱི་རྩལ་ཕུལ་དུ་བྱུང་བ་མངའ་བར་བརྟེན། གཞུང་ཆེན་པོ་ལྔའི་སློབ་གཉེར་མཐར་ཕྱིན་ནས་དགུང་ལོ་ཉེར་དྲུག་པ་ལྕགས་སྤྲེལ(༡༦༨༠)ལོར་ལྷ་ས་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཨང་དང་པོ་ཐོན། སྨོན་ལམ་གྲོལ་འཕྲལ་རྒྱུད་སྨད་གྲྭ་ཚང་དུ་སྒྲིགས་ཞུགས་མཛད་དེ་ལོ་གཉིས་རིང་སྔགས་ཕྱོགས་ཀྱི་དབང༌། ཁྲིད། ལུང༌། བཤད་པ། ཆོ་ག་ཕྱག་ལེན་སོགས་གསན་བཞེས་དང༌། བསླབ་སྦྱང་མཐར་ཕྱིན་པ་མཛད། དགུང་ལོ་ཉེར་བརྒྱད་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི(༡༦༨༢)ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་པོར་བསྐོས། དགུང་ལོ་ཞེ་གཅིག་པ་རབ་བྱུང་བཅུ་གཉིས་པའི་ཤིང་ཕག(༡༦༩༥)ལོར་རྒྱུད་སྨད་ཀྱི་མཁན་པོ་དང༌། བྱང་རྩེ་ཆོས་རྗེའི་ཁྲི་ཆབས་གཅིག་ཏུ་བསྐྱངས། དགུང་ལོ་ཞེ་བརྒྱད་པ་ཆུ་རྟ་(༡༧༠༢)ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཤིང་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཡོངས་འཛིན་ཀྱང་མཛད། དེ་ནས་མི་རིང་བར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་རྒྱལ་པོ་ལྷ་བཟང་གཉིས་མི་མཐུན་པའི་འགལ་ཟླ་ཆེ་རུ་སོང་བ་དང༌། དུས་མཚུངས་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་རབ་བྱུང་གི་སྡོམ་པ་ཕུལ་ནས་ཁྱིམ་པའི་ཚུལ་བཞེས་པ་སོགས་རྐྱེན་མང་པོ་ཞིག་འཛོམས་པར་བརྟེན། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་པོ་ཏཱ་ལའི་གསེར་ཁྲིའི་སྟེང་ནས་ཕབ་སྟེ་པེ་ཅིན་ཕྱོགས་སུ་གདན་དྲངས། པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ཁྲི་ལ་བཀོད་པ་སོགས་ཛ་དྲག་ཧ་ཅང་ཆེ་བའི་སྐབས་སུ་ཡང་ཁྲི་ཆེན་འདིས་ཚངས་དབྱངས་རྒྱ་མཚོ་རྒྱལ་བ་ལྔ་པ་ཆེན་པོའི་ཡང་སྲིད་འཁྲུལ་མེད་ཡིན་པའི་བཞེད་པ་མཐའ་འཁྱོངས་ཀྱི་སྒོ་ནས་རྒྱལ་པོ་ལྷ་བཟང་ཕྱོགས་ཁག་ལ་མདུང་རྩེ་ཁ་སྤྲོད་ཀྱི་རྩོད་གླེང་གནང་ཡང༌། སྐབས་དེར་ལྷ་བཟང་ཕྱོགས་ཁག་ལ་ཆིང་གོང་མ་ཁང་ཤིས་རྒྱབ་སྐྱོར་ཤུགས་ཆེ་བ་ཡོད་སྟབས་འགོག་ཐབས་མ་བྱུང་བར་སྣང་འིང༌། ཁྲི་ལོ་བདུན་གཙང་ནས་དབུས་སྟོད་བྱ་ཡུལ་དགོན་པར་ཟུར་བཞུགས་མཛད། དགུང་ལོ་དོན་ཀསུམ་པ་རབ་བྱུང་བཅུ་གཉིས་པའི་མེ་ལུག(༡༧༢༧)ལོར་སྐུ་གཤེགས་(གཞུང་གི་ཡིག་ཆའི་ཁོངས་ནས་དཔར་བསྐྲུན་བྱས་པའི་གྲས<<བོད་དང༌། བར་ཁམས། རྒྱ་སོག་བཅས་ཀྱི་བླ་སྤྲུལ་རྣམས་ཀྱི་སྐྱེ་ཕྲེང་དེབ་གཞུང>>ཞེས་ཁ་བྱང་དུ་འཁོད་པ་དེ་ཡི་ནང་ཁྲི་ཆེན་འདིའི་སྐུ་ཕྲེང་གེས་མཚོན་པའི་བླ་སྤྲུལ་མང་པོ་འདུག་པ་ནི་འབྲེལ་ཡོད་ཁུངས་སོ་སོའི་དཔྱད་གཞིའི་ཡིཀ་ཆ་གོང་ཕུལ་ཞུ་མཁན་ཚོས་མ་ཤེས་འོལ་ཚོད་བྱས་པ་དེ་རང་གཞིར་བཟུང་ནས་བཀོད་པར་ངེས)སྐུ་གདུང་རིང་བསྲེལ་བཞུགས་པའི་མཆོད་རྟེན་དངུལ་གདུང་ཞིག་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ནང་རྟེན་དུ་བཞུགས། རྣམ་ཐར་སྐོར། སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པ<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>ཕྱོགས་བསྒྲིགས་ལེ་ཚན[ཁ]པ་ཤོག་གྲངས་བཅུ་ཡོད། རྣམ་ཐར་འདིའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་པོ་ཏཱ་ལའི་ཁྲི་ཐོག་ནས་ཕབ་པའི་སྐབས་ཀྱི་སྔ་རྗེས་གནས་ཚུལ་གལ་ཆེན་ལོ་རྒྱུས་ཡིག་ཆ་གཞན་དག་ཏུ་མ་འཁོད་པ་མང་པོ་ཞིག་འཁོད་འདུག་ཀྱང་ཡིག་ཚོགས་ཆེ་བས་འདིར་མ་བྲིས། ཁྲི་ཆེན་འདིའི་སྐུ་ཕྲེང་གཉིས་པ། དགེ་འདུན་བསྟན་པའི་རྒྱལ་མཚན། དབུས་སྟོད་བྱ་ཡུལ་དུ་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ(༡༧༢༨)ལོར་འཁྲུངས། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཁྱི(༡༧༩༠)ལོར་སྐུ་གཤེགས། སྐུ་ཕྲེང་གསུམ་པ། བློ་བཟང་བསྟན་པའི་རྒྱལ་མཚན། ཁམས་སྡེ་དགེར་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག(༡༧༩༡)ལོར་འཁྲུངས། (འབྲས་སྤུངས་སུ་ཆོས་ཞུགས་མཛད་སྐབས་འཁྲུངས་ཡུལ་ལ་བརྟེན་ནས་སྒོ་མང་གྲྭ་ཚང་དང་བློ་གསལ་གླིང་བར་རྩོད་གླེང་བྱུང་བར་དེ་མོ་སྲིད་སྐྱོང་འཇམ་དཔལ་བདེ་ལེགས་རྒྱ་མཚོས་ཕྱིན་ཆད་བློ་གསལ་གླིང་དུ་ཆོས་ཞུགས་གནང་རྒྱུར་ཐག་བཅད་པ་ནས་བཟུང་སྐུ་ཕྲེང་རིམ་བྱོན་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་གནང་སྲོལ་བྱུང་ཞེས་དེང་སྐབས་གསར་ཐོན་གྱི་ཡིག་ཆ་འགའ་ཞིག་ཏུ་གསལ་ཡང་སྐབས་དེར་སྲིད་སྐྱོང་རྟ་ཚག་བསྟན་པའི་མགོན་པོ་ཡིན་པས་དོགས་གཞི་ཆེ)དགུང་ལོ་བཅུ་དགུ་པ་རབ་བྱུང་བཅུ་བཞི་པའི་ས་སྦྲུལ(༡༨༠༩)ལོར་སྐུ་གཤེགས་(གོང་གསལ་གཞུང་ཡིག་དེར་དགུང་ལོ་ང་གཅིག་པ་ཞེས་འཁོད་པ་ནོར)སྐུ་ཕྲེང་བཞི་པ། ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ། སྤོ་བོ་སྨད་དུ་རབ་བྱུང་བཅུ་བའི་པའི་ལྕགས་ལུག(༡༨༡༡)ལོར་འཁྲུངས། དགུང་ལོ་ཞེ་ལྔ་པ་རབ་བྱུང་བཅུ་བཞི་པའི་ཤིང་ཡོས(༡༨༥༥)ལོར་སྐུ་གཤེགས། སྐུ་ཕྲེང་ལྔ་པ། བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས། རབ་བྱུང་བཅུ་བཞི་པའི་མེ་འབྲུག་(༡༨༥༦)ལོར་འཁྲུངས། དགུང་ལོ་ཞེ་བདུན་པ་རབ་བྱུང་བཅོ་ལྔ་པའི་ཆུ་སྟག(༡༩༠༢)ལོར་སྐུ་གཤེགས། སྐུ་ཕྲེང་དྲུག་པ། ཡོངས་འཛིན་གླིང་རྡོ་རྗེ་འཆང་ཐུབ་བསྟནལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོ། སྟོད་ལུང་ཡབ་ཕུར་རབ་བྱུང་བཅོ་ལྔ་པའི་ཆུ་ཡོས(༡༩༠༣)ལོར་འཁྲུངས། གོ་ཐོས་སུ་དགུང་ལོ་གྱ་གཅིག་ཏུ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ཆུ་ཕག(༡༩༨༣)ལོར་དགོངས་པ་གཞན་དོན་དུ་གཤེགས་ཟེར་བ་ཙམ་ལས་ཞིབ་ཆ་མ་ཤེས།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་ཞེ་བརྒྱད་པ) རབ་བྱུང་བཅུ་གཅིག་པའི་ཤིང་ལུག (༡༦༥༥) ལོར་ཀྲེ་ནག་ཚང་གི་ཕྱོགས་སུ་ཡབ་སྤེན་པ་ཚེ་རིང་དང་ཡུམ་དཔལ་བསམ་འཛོམས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཞེ་བརྒྱད་པ་ཆུ་རྟ (༡༧༠༢) ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཤིང་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཡོངས་འཛིན་ཀྱང་མཛད། དགུང་ལོ་དོན་གསུམ་པ་རབ་བྱུང་བཅུ་གཉིས་པའི་མེ་ལུག (༡༧༢༧) ལོར་སྐུ་གཤེགས།

language:
Tibetan