Skip to main content Skip to search
khri chen paN chen bsod nams grags pa
ID:
T225519
  • ཁྲི་ཆེན་པཎ་ཆེན་བསོད་ནམས་གྲགས་པ (Tibetan, Tibetan script, Original)
    • > khri chen paN chen bsod nams grags pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen penchen sönam drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ)རྩེད་ཐང་གི་ཉེ་འདབས་ནང་པར་ལམ་པའི་སྲས་སུ་རབ་བྱུང་བརྒྱད་པའི་ས་ཁྱི(༡༤༧༨)ལོར་འཁྲུངས། རྩེད་ཐང་ལས་ཆེན་བསོད་ནམས་བཀྲ་ཤིས་ལས་རབ་བྱུང་བཞེས་པའི་མཚན་ལ་བསོད་ནམས་གྲགས་པ་གསོལ་ཞེས་ལོ་རྒྱུས་གཞན་ཞིག་ལས་གསལ་ཡང༌། རང་ཉིད་ཀྱིས་མཛད་པའི<<བཀའ་གདམས་གསར་རྙིང་གི་ཆོས་འབྱུང>>ལས། འོད་སྣའི་བླ་མ་ལ་རབ་བྱུང་གི་མཁན་པོ་ཞུས་ཞེས་གསུངས་ཡོད་པ་མ་ཟད། པཎ་ཆེན་གྱི་དངོས་སློབ་བྱ་བྲལ་ལྷ་དབང་རྒྱ་མཚོས་མཛད་པའི་རྣམ་ཐར་ལས། རྩེད་ཐང་ལས་ཆེན་པའི་དྲུང་དུ་དགེ་བསྙེན་ཀྱི་སྡོམ་པ་བཞེས་པའི་མཚན་ལ་བསོད་ནམས་གྲགས་པ་ཞེས་བཏགས་པར་གསུངས་པ་དེ་རང་ཁུངས་བཙན་པར་སྣང༌། རྩེད་ཐང་ཆོས་སྡེ་དང༌། གཡའ་བཟང་དགོན་པ་གཉིས་སུ་ཕར་ཕྱིན་དང་རྣམ་འགྲེལ་ལ་སྦྱངས་ནས་གྲྭ་སྐོར་ཡང་མཛད། དགུང་ལོ་བཅུ་དྲུག་པ་ཆུ་གླང(༡༤༩༣)ལོར་སེ་ར་ཐེག་ཆེན་གླིང་དུ་ཆོས་ཞུགས་གནང་ཐོག ཀུན་མཁྱེན་དོན་ཡོདདཔལ་བཟང་ཡོངས་འཛིན་དུ་བསྟེན་ནས་ལོ་བཅུ་གཉིས་བར་ཚད་མ་དང་དབུ་མའི་བཤད་པ། གཞན་ཡང་རྗེ་ཙོང་ཁ་པ་ནས་བརྒྱུད་པའི་མདོ་སྔགས་ཀྱི་ཆོས་སྐོར་ཆ་ཚང་བར་གསན། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་སོགས་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན། གཞན་ཡང་རྩེད་ཐང་ལས་ཆེན་ཀུན་དཀའ་རྒྱལ་མཚན། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་སོགས་ཀྱི་དྲུང་ནས་བཀའ་གདམས་ཀྱི་ཆོས་སྐོར་མང་པོ་གསན། དགུང་ལོ་སོ་གཅིག་པ་རབ་བྱུང་དགུ་པའི་ས་འབྲུག(༡༥༠༨)ལོར་རྒྱུད་སྟོད་གྲྭ་ཚང་དུ་སྒྲིག་ཞུགས་ཐོགམཁན་ཆེན་ཆོས་ལྡན་བློ་གྲོས་པ་བླ་མར་བསྟེན་ནས་གསང་བདེ་འཇིགས་གསུམ་གྱི་རྒྱུད་འགྲེལ་བཤད་པ་དང༌། བསྐྱེད་རྫོགས་ཀྱི་ཁྲིད། མན་ངག་ཕྱག་ལེན་དང་བཅས་པ་ཚང་བར་གསན། དགུང་ལོ་སོ་བའི་པ་རབ་བྱུང་དགུ་པའི་ཆུ་སྤྲེལ(༡༥༡༢)ལོར་རྒྱུད་སྟོད་གྲྭ་ཚང་གི་མཁན་པོའི་ཁྲིར་ཕེབས་ནས་ལོ་བཅུ་གསུམ་རིང་རྒྱུད་ཀྱི་འཆད་ཉན་དང༌། བསྐྱེད་རྫོགས་ཀྱི་ཁྲིད་སོགས་སྔར་སྲོལ་ཉམས་མེད་གོང་འཕེལ་ཐོག དགེ་འདུན་གྱི་འཚོབའི་མཐུན་རྐྱེན་ཇ་ཚུལ་འཛུགས་པ་དང༌། འདུ་ཁང་གསར་བཞེངས་སོགས་ཆོས་སྲིད་གཉིས་ཀྱི་སྒོ་ནས་ལེགས་པར་བསྐྱངས། དགུང་ལོ་སོ་དྲུག་པ་ཤིང་ཁྱི(༡༥༡༤)ལོར། <<གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་མཁས་པའི་ཡིད་འཕྲོག>>བརྩམས། དགུང་ལོ་ཞེ་བདུན་པ་ཤིང་སྤྲེལ(༡༥༢༤)ལོར། རྒྱལ་དབང་དགེ་འདུན་རྒྱ་མཚོས་བཀའ་གནང་བ་ལྟར་འབྲས་སྤུངས་བློ་གསལ་གླིང་གི་མཁན༌པོ་ལོ་གཅིག་ལྷག་ཙམ་མཛད། དེའི་རིང<<ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ>>བརྩམས། དེ་རྗེས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོར་ཕེབས། གྲྭ་ཚང༌ཁག་གཉིས་ཟུང་འབྲེལ་དུ་སྐྱོང་བར་མཛད་ཅིང༌། དགུང༌ལོ་ང་གཅིག་པ་ས་བྱི(༡༥༢༨)ལོར<<དབུ་མའི་སྤྱི་དོན་ཟབ༌དོན་གསལ་བའི་སྒྲོན་མེ>>བརྩམས། དེའི་ཕྱི་ལོ་རབ་བྱུང་སྣྲ་དགུ་པའི་ས་གླང(༡༥༢༩)ལོར་དགའ་ལྡན་གྱི་ཁྲིར་ཕེབས༌ནས་ལོ་བརྒྱད་ཀྱི་རིང་བསྐྱངས། ཁྲི་ལ་ཕེབས་པའི་ལོ་དེར<<བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན>>བརྩམས། དེའི་ཕྱི་ལོ་ལྕགས་སྟག(༡༥༣༠)ལོར<<འདུལ་བའི་རྣམ་བཤད་ལུང་རིགས་ཉི་མ>>བརྩམས། དེའི་ཕྱི་ལོ་ལྕགས་ཡོས(༡༥༣༡)ལོར<<དབུ་མའི་མཐའ་དཔྱོད་ཟབ་དོན་ཡང་གསལ་སྒྲོན་མེ>>བརྩམས། དགུང་ལོ་ང་བདུན་པ་ཤིང་རྟ(༡༥༣༤)ལོར<<ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ>>བརྩམས། དགུང་ལོ་ང་བརྒྱད་པ་ཤིང་ལུག(༡༥༣༥)ལོར། རྒྱ་ར་ཆོས་སྐྱོང་རྒྱ་མཆོར་དགའ་ལྡན་གྱི་ཁྲི་གཏད་ནས་རང་ཉིད་ཟུར་བཞུགས་མཛད་དེ་ལོ་ངོ་བརྒྱད་ཀྱི་རིང་གཙོ་བོར་དགའ་ལྡན་རང་དུ་རྒྱུན་བཞུགས་ཐོག་ཉེ་འཁོར་གྱི་དགོན་པ་འགའ་ཞིག་གི་འདོད་མོས་ལྟར་མཁན་པོ་མཛད། དེའི་རིང་ལ<<འདུལ་བའི་ཆོས་འབྱུང>><<མངོན་པ་མཛོད་གྱི་འགྲེལ་པ>>བཅས་བརྩམས། དགུང་ལོ་རེ་གཅིག་པ་ས་ཁྱི(༡༥༣༨)ལོར་<<དེབ་ཐེར་དམར་པོ་གསར་མ>>སྟེ་མིང་གཞན<<རྒྱལ་རབས་འཕྲུལ་གྱི་ལྡེ་མིག>>ཏུ་འབོད་པ་དེ་བརྩམས། དགུང་ལོ་རེ་དྲུག་པ་ཆུ་ཡོས(༡༥༤༣)ལོར་འབྲས་སྤུངས་ནས་རེ་བསྐུལ་ཞུས་པ་ལྟར་ལོ་ངོ་བཞིའི་རིང་འབྲས་སྤུངས་ཀྱི་མཁན་པོ་མཛད། དགུང་ལོ་རེ་དགུ་པ་མེ་རྟ(༡༥༤༦)ལོར་སེ་ར་ནས་རེ་འདུན་ཞུས་པ་ལྟར་སྐུ་མ་གཤེགས་བར་ལོ་ངོ་དགུའི་རིང་སེ་རའི་མཁན་པོ་མཛད། དེའི་རིང་ལ<<རྒྱུད་སྡེ་སྤྱི་རྣམ>>དང<<མངོན་པ་ཀུན་བཏུས་ཀྱི་འགྲེལ་པ>>མཛད། དགུང་ལོ་དོན་བདུན་པ་རབ་བྱུང་དགུ་པའི་ཤིང་སྟག་(༡༥༥༤)ལོར། འབྲས་སྤུངས་སུ་ཕེབས་ནས་གཟིམས་ཁང་གོང་དུ་སྐུ་གཤེགས། སྐུ་གདུང་ཁྲུ་གང་ཙམ་དུ་གྱུར་པ་ཞུགས་འབུལ་ཞུས་པར་རྟེན་ངོ་མཚར་ཅན་མང་དུ་བྱོན་པ་རྣམས་དངུལ་གདུང་ཞིག་བཞེངས་པའི་ནང་དུ་བཞུགས་པ་འབྲས་སྤུངས་སུ་ཡོད། ལོ་རྒྱུས་སྐོར། པཎ་ཆེན་ཉིད་ཀྱི་དངོས་སློབ་བྱ་བྲལ་ལྷ་དབང་རྒྱ་མཚོས་མཛད་པ་ཁ་བྱང་དུ<<པཎ་ཆེན་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེའི་རྣམ་ཐར་ངོ་མཚར་རྨད་བྱུང་རོལ་རྩེད>>འབྲས་སྤུངས་དཔར་རྙིང་ལ་ཤོག་གྲངས༡༩ཡོད། སྐུ་ཕྲེང་རིམ་པར་བྱོན་པ་རྣམས་ལ་མངའ་རིས་སྤྲུལ་སྐུ་རིན་པོ་ཆེ་ཞུ་ཞིང༌། སྐུ་ཕྲེང་གཉིས་པ་བསོད་ནམས་ཡེ་ཤེས་དབང་པོ་སྟོད་ལུང་ལམ་པར་རབ་བྱུང་དགུ་པའི་མེ་འབྲུག(༡༥༥༦)ལོར་འཁྲུངས་ཏེ། དགུང་ལོ་སོ་བདུན་པ་ཆུ་འབྲུག་(༡༥༩༢)ལོར་གཤེགས། སྐུ་ཕྲེང་གསུམ་པ་ངག་དབང་བསོད་ནམས་དགེ་ལེགས་དཔལ་བཟང་རབ་བྱུང་བཅུ་པའི་ཤིང་རྟ(༡༥༩༤)ལོར་འཁྲུངས་ཏེ་དགུང་ལོ་ཉེར་གཉིས་པ་རབ་བྱུང་བཅུ་པའི་ཤིང་ཡོས(༡༦༡༥)ལོར་སྐུ་གཤེགས། སྐུ་ཕྲེང་བཞི་པ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་རབ་བྱུང་བཅུ་པའི་ས་ལུག(༡༦༡༩)ལོར་འཁྲུངས་ཏེ། དགུང་ལོ་སོ་བརྒྱད་པ་མེ་སྤྲེལ(༡༦༥༦)ལོར་དེ་སྔའི་བོད་ས་གནས་སྲིད་གཞུང་གི་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་སྐུ་བཀྲོངས། དེ་སྐོར་གྱི་འབྱུང་རྐྱེན་དང་གཤེགས་རྗེས་ཀྱི་གནས་ཚུལ་སྐོར་སྐབས་དེ་ནས་བཟུང་ད་བར་གླེང་བརྗོད་ཡིག་ཆ་མང་ཡང༌། འདིར་དེའི་སྐོར་བཀོད་རྒྱུ་དགོས་པ་ལས་དགག་བྱ་ཆེ་བས་མ་སྤྲོས་ལགས།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ) རྩེ་ཐང་གི་ཉེ་འདབས་ནང་པར་ལམ་པའི་སྲས་སུ་རབ་བྱུང་བརྒྱད་པའི་ས་ཁྱི (༡༦༧༨) ལོར་འཁྲུངས། སྐུ་ཕྲེང་གསུམ་པ་ངག་དབང་བསོད་ནམས་དགེ་ལེགས་དཔལ་བཟང་རབ་བྱུང་བཅུ་པའི་ཤིང་རྟ (༡༥༩༤) ལོར་འཁྲུངས་ཏེ་དགུང་ལོ་ཉེར་གཉིས་པ་རབ་བྱུང་བཅུ་པའི་ཤིང་ཡོས (༡༦༡༥) ལོར་སྐུ་གཤེགས།

language:
Tibetan