Skip to main content Skip to search
khri chen dpal ldan grags pa
ID:
T225520
  • ཁྲི་ཆེན་དཔལ་ལྡན་གྲགས་པ (Tibetan, Tibetan script, Original)
    • > khri chen dpal ldan grags pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen palden drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའ་ལྡན་ཁྲི་ཐོག་ང་གཅིག་པ)མདོ་སྨད་ཤར་ཕྱོགས་རྒྱ་སྡེ་དང་ཉེ་བའི་ས་ཆ་ཧོར་ཚང་གི་དཔོན་རྒྱུད་དུ་སྐུ་འཁྲུངས། འཁྲུངས་ལོ་གསལ་བ་མ་རྙེད། རྟ་ཚག་རྗེ་དྲུང་ངག་དབང་དཀོན་མཆོག་ཉི་མ་མདོ་སྨད་དུ་བྱོན་སྐབས་མཇལ་ནས་རབ་བྱུང་ཞུས། དབུས་སུ་བྱོན་ནས་འབྲས་སྤུངས་སྒོ་མང་ཏཱ་དབེན་ཁང་ཚན་དུ་ཆོས་ཞུགས་གནང་སྟེ་གཞུང་ཆེན་པོ་ལྔའི་གསན་སྦྱོང་མཐར་ཕྱིན་ནས་དགེ་བཤེས་ལྷ་རམས་པ་མཛད། རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་གནང་ཞིང༌། གསེང་བར་ནམ་ཡོད་ལ་འཇམ་དབྱངས་བཞད་པའི་རྡོ་རྗེ་དང༌། ཁྲི་ཆེན་དགེ་འདུན་ཕུན་ཚོགས། འཇམ་དབྱངས་བདེ་བའི་རྡོ་རྗེ་སོགས་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན། རྒྱུད་སྟོད་བླ་མ་དབུ་མཛད་དང༌། མཁན་པོའི་ཁྲིར་ཕེབས། མཁན་པོ་མཛད་རིང་དེ་སྔོན་རྒྱུད་སྟོད་གྲྭ་ཚང་བྲག་ཡེར་པར་དབྱར་གནས་སུ་ཕེབས་སྐབས་གུར་ནང་དུ་བཞུགས་རྒྱུ་ལས་རྒྱུད་ཁང་ཟུར་དུ་མེད་སྟབས། ཡེར་པ་གྲྭ་ཚང་དང་བཀའ་མོལ་མཛད་དེ་ད་ལྟའི་རྒྱུད་ཁང་ཡོད་སའི་ས་ཆ་དེ་སྐབས་དེར་དུར་ཁྲོད་ཡིན་པ་དེ་ཕུལ་བར་ཐུགས་མཉེས་བཞིན་དུ་བདག་འཛིན་མཛད་དེ་རྒྱུད་ཁང་དང༌། རུང་ཁང༌། མཁན་པོ་དང༌། བླ་མའི་གཟིམས་ཆུང༌། ཆོས་གྲྭ་བཅས་གསར་བཞེངས་དང༌། ཚོགས་གདན། ཐབ་ཆས། མཆོད་རྫས། མཆོད་ཆ་སོགས་ཉེར་མཁོ་གང་དགོས་འབུལ་འབྱོར་གནང༌། རབ་བྱུང་བཅུ་གཉིས་པའི་ས་ཕག་(༡༧༡༩)ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་པའི་མཛད་སྒོ་རྣམས་ལེགས་གྲུབ་ཐོག ཞལ་སློབ་མང་པོར་འདོད་ཆོས་བར་མ་ཆད་པར་སྩལ། ཁྲི་ལོ་དྲུག་པ་ཤིང་འབྲུག(༡༧༢༤)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་ཡོངས་འ། ཛིན་དུ་གདན་དྲངས་པ་ལྟར་ཕེབས་ནས་ལོ་ཤས་རིང་བསྡུས་གྲྭ་དང༌། ཕར་ཕྱིན་གྱི་གསན་བཞེས་དང༌། མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་ཞིག་འབུལ་བར་མཛད་མུས་སུ། རབ་བྱུང་བཅུ་གཉིས་པའི་ས་བྱ(༡༧༢༩)ལོར་སྐུ་གཤེགས། སྐུ་རུས་ལ་རྟེན་ངོ་མཚར་ཅན་མང་དུ་བྱོན་པ་རྣམས་རྒྱལ་དབང་མཆོག་དང་ཡོངས་འཛིན་ཁྲི་ཆེན་ངག་དབང་མཆོག་ལྡན་རྣམ་གཉིས་ནས་ཁག་གཅིག་རྟེན་སྐལ་དུ་བཞེས། བྱིངས་རྣམས་གདུང་རྟེན་བཞེངས་པའི་ནང་དུ་བཞུགས། རྣམ་ཐར་སྐོར། སེར་སྨད་མཁན་ཆེན་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི་<<དགའ་ལྡན་ཁྲི་པ་རིམ་བྱོན་གྱི་རྣམ་ཐར>>ལེ་ཚན[ཅ]པར་ཤོག་གྲངས་དྲུག་ཡོད། དམ་པ་དེའི་སྐུ་ཕྲེང་རིམ་བྱོན་ལ་ཡོངས་གྲགས་སུ་ཧོར་ཚང་ཁྲི་སྤྲུལ་ཞུ་བ་ཡིན། སྐུ་ཕྲེང་གཉིས་པ་འཇིགས་མེད་རིག་པའི་སེང་གེ་ནི་ཧོར་ཚང་གི་རིགས་རྒྱུད་དེ་རང་གི་བུར་རབ་བྱུང་བཅུ་གཉིས་པའི་ལྕགས་ཕག(༡༧༣༡)ལོར་སྐུ་འཁྲུངས་ཞེས<<མདོ་སྨད་ཆོས་འབྱུང>>ལས་གསལ་ཡང་སྐུ་གཤེགས་པའི་ལོ་ཁམས་མི་གསལ་ཞིང༌། སྐུ་ཕྲེང་རྗེས་མ་ཁ་ཤས་ཕེབས་ཚོད་འདུག་ཀྱང་ད་ཕན་དཔྱད་གཞི་མ་རྙེད་ལགས།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་ང་གཅིག་པ) མདོ་སྨད་ཤར་ཕྱོགས་རྒྱ་སྡེ་དང་ཉེ་བའི་ས་ཆ་ཧོར་ཚང་གི་དཔོན་རྒྱུད་དུ་སྐུ་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ཕག (༡༧༡༩) ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་པའི་མཛད་སྒོ་རྣམས་ལེགས་གྲུབ་ཐོག ཞལ་སློབ་མང་པོར་འདོད་ཆོས་བར་མ་ཆད་པར་སྩལ། ཁྲི་ལོ་དྲུག་པ་ཤིང་འབྲུག (༡༧༢༤) ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་གསུངས་པའི་ལྟར་ཕེབས་ནས་ལོ་ཤས་རིང་བསྡུས་གྲྭ་དང་། ཕར་ཕྱིན་གྱི་གསན་བཞེས་དང་། མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་ཞིག་འབུལ་བར་མཛད་མུས་སུ། རབ་བྱུང་བཅུ་གཉིས་པའི་ས་བྱ (༡༧༢༩) ལོར་སྐུ་གཤེགས།

language:
Tibetan