Skip to main content Skip to search
khri chen byams pa chos grags
ID:
T225527
  • ཁྲི་ཆེན་བྱམས་པ་ཆོས་གྲགས (Tibetan, Tibetan script, Original)
    • > khri chen byams pa chos grags (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tri chen jampa chödrak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(དགའལྡནཁྲི་ཐོག་དགུ་བཅུ་པ)མདོ་ཁམས་ཏྲེ་ཧོར་བྲག་འགོ་ཁུལ་དུ་འཁྲུངས། དབུས་སུ་བྱོན་ནས་འབྲས་སྤུངས་བློ་གསལ་གླིང་ཏྲེ་ཧོར་ཁང་ཚན་དུ་ཆོས་ཞུགས་མཛད། གཞུང་ཆེན་པོ་ལྔའི་སློབ་གཉེར་ཡང་རྩེར་སོན་པ་གནང་ནས་དགེ་བཤེས་ལྷ་རམས་པའི་མཚན་བཞེས་དང༌། དེ་ནས་རྒྱུད་སྨད་དུ་སྒྲིགས་ཞུགས་ཐོག་རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་བཀའ་མངགས་ཕེབས་པ་ལྟར་བལ་ཡུལ་མཆོད་རྟེན་འཕགས་པ་ཤིང་ཀུན་ཉམས་གསོ་དང་རབ་གནས་ཀྱི་སློབ་དཔོན་དུ་ཕེབས་ཏེ་ངོ་མཚར་ཆེ་བའི་རྟགས་མཚན་ཕྱི་ནང་མི་རིགས་ཀུན་གྱི་མཐོང་ཆོས་སུ་གྱུར། རབ་བྱུང་བཅོ་ལྔ་པའི་ལྕགས་བྱ(༡༩༢༡)ལོར། དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བདུན་བར་བསྐྱངས། ཁྲི་པའི་འགན་བཞེས་གནང་རིང་མཛད་སྒོའི་སྐབས་ཁྲི་པའི་ཐོབ་ཐང་གི་ཆས་གོས་དང༌། ཞབས་གྲས་ཀྱི་རིགས་སོཀས་རྒྱས་སྤྲོས་མེད་པའི་བབ་ཆགས་སྟབས་བདེ་ཞིག་དང༌། རྒྱུན་དུ་གཟིམས་ཁང་ནང་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་མཛད་སྤྱོད་གྲྭ་རྐྱང་དཀྱུས་མ་ལྟ་བུར་བཞུགས་ཏེ། ཞབས་ཞུའི་རིགས་ཀྱང་སྐབས་འཕྲལ་དགེ་ཕྲུག་སོ་སོར་ཞལ་བཀོད་གནང་བ་མ་གཏོགས་གསོལ་གཟིམས་མ་བྱན་སོགས་ཀྱི་རྣམ་གྲངས་མང་པོའི་མིང་འདོགས་རིགས་གཏན་ནས་མཛད་སྲོལ་མེད་པ་དང༌། འབུལ་དངོས་གང་བྱུང་སྐབས་འཕྲལ་ལྷ་ཁང་གསར་བཞེངས་དང༌། དགེ་འདུན་གྱི་བསྙེན་བཀུར། གྲྭ་རྐྱང་དབུལ་ཕོངས་རིགས་ལ་ཟས་གོས་ཀྱི་མཐུན་རྐྱེན་སོགས་ལགཏོང་གནང་མཛད་པ་དང༌། བདག་འཛིན་གནང་བའི་དངོས་པོ་གང་ཡང་གསོག་འཇོག་མི་གནང་ཡང༌། ཕྱག་ཏུ་བྱུང་བའི་དངོས་ནོར་ཡོད་ཚད་ཆུད་ཟོས་གཏོང་བའི་རིགས་ཀྱང་མི་མཛད་པར་རྣམ་དཀར་དགེ་བའི་ཕྱོགས་སུ་གཏོང་གང་ཐུབ་མཛད་པའི་ཁྱད་ཆོས་ངོ་མཚར་ལྡན་པ་ཞིག་ཡོད། དེ་སྔོན་དགའ་ལྡན་ཁྲི་པའི་ཐོབ་ཁོངས་མཆོད་གཞིས་མི་ཉུང་བ་ཞིག་ཡོད་པ་ནས་རྒྱུན་གཏན་གྱི་གཏོང་སྒོ་ཁག་ཕུད་པའི་ཡོང་འབབ་རྣམས་ཁྲི་པ་བླ་བྲང་ལ་བདག་དབང་ཡོད་ན་ཡང་དམ་པ་འདིས་ཁྲི་ཐོག་ཁང་གི་མཆོད་རྒྱུན་གཏོང་སྒོ་ཕུད་པའི་ཡོང་འབབ་ལྷཀ་མ་གང་ཡོད་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པར་ཕུལ་ནས་དགའ་ལྡན་སྟོན་ཆོས་ཆེན་མོ་གསར་འཛུགས་ཀྱི་མཐུན་རྐྱེན་དུ་སྦྱོར་གནང་མཛད་པས་སློབ་གཉེར་གོང་འཕེལ་གྱི་ཕན་འབྲས་ཆེན་པོ་ཐོབ་ཐུབ་པ་བྱུང༌། དགུང་ལོ་བརྒྱད་ཅུ་གྱ་བརྒྱད་པ་ལ་ཕེབས་པ་ན་སྐུ་གཤེགས་ཞེས་ཡིག་ཆ་འགའ་ཞིག་ནང་འཁོད་པ་དང༌། ཁོ་བོ་གྲྭ་སར་སྡོད་པའི་ལོ་གཉིས་པ་སྟེ་རབ་བྱུང་བཅུ་དྲུག་པའི་མེ་གླང(༡༩༣༧)ལོར་ཁྲི་ཟུར་རིན་པོ་ཆེ་འདི་ཉིད་སྐུ་གཤེགས་ཚུལ་གོ་ཐོས་བྱུང་བ་གཞིར་བཟུང་ན་སྐུ་འཁྲུངས་པའི་ལོ་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི(༡༨༥༠)ལོ་ཡིན་པར་སྣང༌། རྣམ་ཐར་ཟུར་འཁོད་ཀྱི་ཡིག་ཆ་མ་མཐོང་ལགས།

language:
Tibetan

2. Thupten Phuntsok Dictionary

(དགའ་ལྡན་ཁྲི་ཐོག་དགུ་བཅུ་པ) མདོ་ཁམས་ཏྲེ་ཧོར་བྲག་འགོ་ཡུལ་དུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་ལྕགས་བྱ (༡༩༢༡) ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བདུན་བར་བསྐྱངས། རབ་བྱུང་བཅུ་དྲུག་པའི་མེ་གླང (༡༩༣༧) ལོར་ཁྲི་ཟུར་རིན་པོ་ཆེ་འདི་ཉིད་སྐུ་གཤེགས།

language:
Tibetan