- khri chen blo bzang dar rgyas
- ID:
- T225536
- ཁྲི་ཆེན་བློ་བཟང་དར་རྒྱས (Tibetan, Tibetan script, Original)
- > khri chen blo bzang dar rgyas (Tibetan, Latin script, Transliteration-THL Extended Wylie Transliteration)
- > trichen lozang dargyé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(དགའ་ལྡན་ཁྲི་ཐོག་ཞེ་དགུ་པ)མདོ་སྨད་ཁུལ་ཅོ་ནེ་ཁག་ལྔའི་ཁོངས་ཨ་གཟིགས་ཐང་དུ་རབ་བྱུང་བཅུ་གཅིག་པའི་ཆུ་སྟག(༡༦༦༢)ལོར་འཁྲུངས། བྱིས་པའི་དུས་ནས་ན་མཉམ་གཞན་དང་མི་འདྲ་བར་ཐུགས་རིཀ་གསལ་བ་དང༌། གཞན་ལ་ཕན་སེམས་ཆེ་བ་སོགས་ཀུན་སྤྱོད་བཟང་ཞིང༌། ཡབ་ཡུམ་ལ་གུས་བཀུར་ཆེ་བ་རང་ཤུགས་སུ་ཡོད་པར་བརྟེན་ཡབ་ཡུམ་གཉིས་ཀས་འདོན་ཆོས་ཀྱི་རིགས་མང་པོ་སློབ་པར་མཛད། མི་རིང་བར་ཅོ་ནེ་དགོན་ཆེན་གྱི་ཁྲི་པ་ཐབས་མཁས་རྒྱ་མཚོའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་བསྒྲུབས་ཏེ་མཚན་ལ་བློ་བཟང་དར་རྒྱས་སུ་གསོལ། དགོན་པའི་ཆོས་སྤྱོད་སྐོར་དང་དག་ཡིག་སྔགས་ཀློག་སོགས་སློབ་སྦྱོང་མཛད། དགུང་ལོ་ཉི་ཤུ་པ་ལྕགས་བྱ(༡༦༨༡)ལོར་མདོ་སྨད་ནས་དབུས་སུ་ཕེབས་ཏེ་སེར་སྨད་གྲྭ་ཚང་གི་གཞུང་པ་ཁང་ཚན་དུ་སྒྲིགས་ཞུགས་གནང༌། དགེ་བཤེས་བློ་གྲོས་རྒྱ་མཚོ་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་པོ་ལྔའི་སློབ་གཉེར་མཐར་ཐོན་པ་མཛད། དགུང་ལོ་སོ་གཅིག་པ་ཆུ་སྤྲེལ(༡༦༩༢)ལོར་གླིང་བསྲེའི་དགེ་བཤེས་དང༌། སོ་གཉིས་པར་སེ་ར་ཚོགས་ཆེན་དགེ་བསྐོས་ཀྱི་འགན་བཞེས་གནང༌། གསེང་དབར་རྣམས་སུ་རྒྱལ་རོང་ཁྲི་ཆེན་ནམ་མཁའ་ལྷུན་གྲུབ་དང༌། ཁྲི་ཆེན་ཡང་སྟེང་པ་བློ་བཟང་ཆོས་འཕེལ། བྱམས་གླིང་མཁན་ཆེན་བློ་བཟང་དོན་གྲུབ། སེ་ར་རྩེ་སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་སོགས་བླ་ཆེན་དགེ་བཤེས་མང་པོའི་དྲུང་ནས་མདོ་སྔགས་གཉིས་ཀྱི་ལུང་དང༌། ཁྲིད། དབང༌། བཤད་པ། མན་ངག་སོགས་རྒྱ་ཆེར་གསན། དགུང་ལོ་སོ་བཞི་བཞེས་པ། རབ་བྱུང་བཅུ་གཉིས་པའི་ཤིང་ཕག་(༡༦༩༥)ལོར་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་མཛད། དགུང་ལོ་སོ་ལྔ་པ་མེ་བྱི་ལོར་ཕ་བོང་ཁ་པ་འཇམ་དབྱངས་གྲགས་པའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས་ནས་མི་རིང་བར་རྒྱུད་སྟོད་གྲྭ་ཚང་དུ་སྒྲིགས་ཞུགས་མཛད་ནས་གསང་སྔགས་སྐོར་གྱི་སློབ་གཉེར་གནང༌། དགུང་ལོ་སོ་བདུན་པ་ས་སྟག(༡༦༩༨)ལོར་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས། དགུང་ལོ་སོ་དགུ་པ་ལྕགས་འབྲུག(༡༧༠༠)ལོར་རྒྱུད་སྟོད་མཁན་པོའི་ཁྲིར་ཕེབས་ནས་ལོ་དགུའི་རིང་འཆད་ཉན་དང་གཏོང་སྒོ་སོགས་གོང་འཕེལ་དུ་བསྐྱངས། དེའི་རིང་རྒྱུད་སྟོད་གྲྭ་ཚོགས་ཆེ་སྟབས་སེ་རའི་དབྱར་ཆོས་ཀྱི་རྒྱུད་ཁང་སྔར་ཡོད་ཆུང་སྐྱོན་གྱིས་ཀ་བ་ཁ་ཤས་ཀྱི་སར་རྒྱ་བསྐྱེད་ཐོག ཆོས་ཐོག་རིང་སི་དགོས་ཆ་རྣམས་གསར་སྦྱོར་མཛད། དགུང་ལོ་ཞེ་ལྔ་པ་མེ་ཁྱི(༡༧༠༦)ལོར་དགའ་ལྡན་ཤར་པ་ཆོས་རྗེའི་ཁྲིར་ཕེབསོ། དགུང་ལོ་ཞེ་དགུ་པ་ས་བྱི(༡༧༠༨)ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ཁྲི་ཆེན་རིམ་བྱོན་གྱི་སྲོལ་རྒྱུན་མཛད་སྒོ་རྣམས་ཉམས་མེད་ཐོག་མདོ་སྔགས་གཉིས་ཀྱི་བཤད་པ། དབང་བཀའ། ཁྲིད་ལུང་སོགས་གདུལ་བྱའི་འདོད་མོས་ལྟར་གནང༌། དགའ་ལྡན་སྤྱི་སོ་ཁང་སུམ་ཐོག་གཡབ་སྐོར་དང་བཅས་པ་གསར་རྒྱག་མཛད། གཞན་ཡང་རྗེ་ཉིད་དང་འབྲེལ་ཡོད་དགོན་སྡེ་ཁག་ལ་གང་དགོས་ཀྱི་སྐུ་རྟེན་དང༌། མཆོད་རྫས། དབང་རྫས། མཆོད་ཆ་སོགས་འབུལ་སྦྱོར་གནང༌། དགུང་ལོ་ང་དགུ་པ་ལྕགས་བྱི་(༡༧༢༠)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས་ཏེ་ལོ་བཞིའི་རིང་བསྡུས་གྲྭ་ནས་ཕར་ཕྱིན་སྐབས་བརྒྱད་པའི་བར་གྱི་གསན་བཞེས་དང༌། ཞར་ལ་དབང་ལུང་སོགས་མན་ངག་མང་པོ་འབུལ་བར་མཛད་ཅིང༌། གཞན་ཡང་བླ་ཆེན་དང་དགེ་བཤེས་སོགས་སློབ་མ་ཡང་ཧ་ཅང་མང༌། གསུང་རྩོམ་པོད་གསུམ་ཡོད་ཚུལ་རྣམ་ཐར་ནང་གསལ་ཡང་དེང་སྐབས་ལེ་ཚན་འགའ་ཞིག་མ་གཏོགས་མཐོང་རྒྱུ་མི་སྣང༌། དགུང་ལོ་དྲུག་ཅུ་རེ་གཉིས་པ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་(༡༧༢༣)ལོར་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་ནས་ཐུགས་ལྗགས་སྤྱན་གསུམ་མེ་མ་བཞེས་པ་དང༌། སྤུར་རུས་གཞན་རྣམས་ནང་རྟེན་དུ་བཞུགས་པའི་གདུང་རྟེན་ཞིག་མལ་གྲོ་ཁུལ་དག་པ་རྣམ་གྲོལ་གླིང་གི་མཆོད་ཁང་དུ་བཞུགས། རྣམ་ཐར་སྐོར་སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི<<དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར>>དཔར་མ་ལེ་ཚན[ག]ཤོག་གྲངས་བཅུ་ཡོད། ཞར་བྱུང༌། ཁྲི་ཆེན་འདིའི་སྐུ་ཕྲེང་རིམ་བྱོན་ལ་དག་པོ་ཁྲི་ཆེན་རིན་པོ་ཆེ་ཞུ་ཞིང༌། སྐུ་ཕྲེང་གཉིས་པ། བསླབ་གསུམ་རྒྱ་མཚོ། ལྷ་ས་པོ་ཏཱ་ལའི་ཞོལ་དུ་འཁྲུངས། དགུང་ལོ་སོ་བའི་ལ་སྐུ་གཤེགས། སྐུ་ཕྲེང་གསུམ་པ། བློ་བཟང་ཆོས་གྲགས་དཔལ་ལྡན་བསྟན་པའི་ཉི་མ། འོལ་དགའ་རྫིང་ཕྱིའི་ཉེ་འདབས་སུ་འཁྲུངས། དགུང་ལོ་སོ་དགུ་བར་ས་སྟག་ལོའི་ཟླ༡༠ཚེས༧ལ་གཤེགས་ཞེས<<བོད་བཞུགས་ཨམ་བན་གྱི་ཏང་ཙེ>>ནང་འཁོད་པར་གཞིགས་ན། དེའི་རྗེས་སུ་ཡང་སྐུ་ཕྲེང་གཅིག་གཉིས་ཤིག་ཕེབས་པ་འདྲ། ད་ལྟའི་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་འཇིགས་བྲལ་འཕྲིན་ལས་དར་རྒྱས། ཀོང་པོ་ང་ཕོད་ཁུལ་དུ་རབ་བྱུང་བཅུ་དྲུག་པའི་མེ་ཡོས(༡༩༢༧)ལོར་འཁྲུངས།
- language:
- Tibetan
2. Thupten Phuntsok Dictionary
(དགའ་ལྡན་ཁྲི་ཐོག་ཞེ་དགུ་པ) མདོ་སྨད་ཁུལ་ཅོ་ནེ་ཁག་ལྔའི་ཁོངས་ཨ་གཟིགས་ཐང་དུ་རབ་བྱུང་བཅུ་གཅིག་པའི་ཆུ་སྟག (༡༦༦༢) ལོར་འཁྲུངས། དགུང་ལོ་ཞེ་དགུ་པ་ས་བྱི (༡༧༠༨) ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ཁྲི་ཆེན་རིམ་བྱོན་གྱི་སྲོལ་རྒྱུན་མཛད་སྒོ་རྣམས་ཉམས་མེད་ཐོག་མདོ་སྔགས་གཉིས་ཀྱི་བཤད་པ། དབང་བཀའ། ཁྲིད་ལུང་སོགས་གདུལ་བྱའི་འདོད་མོས་ལྟར་གནང་། དགུང་ལོ་དྲུག་བཅུ་རེ་གཉིས་པ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས (༡༧༢༣) ལོར་སྐུ་གཤེགས།
- language:
- Tibetan