- khri lde srong btsan nam ldeng khri
- ID:
- T225572
- ཁྲི་ལྡེ་སྲོང་བཙན་ནམ་ལྡེང་ཁྲི (Tibetan, Tibetan script, Original)
- > khri lde srong btsan nam ldeng khri (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri dé song tsen nam deng tri (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདིར<<ཆོས་འབྱུང་མཁས་པའི་དགའ་སྟོན>>ལས་ཁྲི་ལྡེ་སྲོང་བཙན་དང་ལྡེང་ཁྲི་ཞེས་པ་མཚན་གྱི་རྣམ་གྲངས་སུ་གསུངས། ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པར་གྲགས་པའི<<རྒྱལ་རབས་གསལ་བའི་མེ་ལོང>>ལས། སད་ན་ལེགས་ལོ་བཅུ་དགུ་བཞེས་པ་ན་བཙུན་མོ་ལྷ་རྩེ་ལ་སྲས་ལྡེང་ཁྲི་བལྟམས། ལོ་བཅུ་གསུམ་ན་ཡབ་འདས་ཤིང༌། རྒྱལ་པོ་དེར་སྲས་གཅིག་ལས་མེད། སྲས་ལྡེང་ཁྲི་ལོ་བཅུ་བཞི་ལ་སྲིད་དབང་བཟུང་བའི་བཙུན་མོ་ཆེན་མ་ལ་སྲས་གསུམ་དང༌། བཙུན་མོ་ཆུང་བ་གཅིག་ལ་སྲས་ལྷ་རྗེ་དང་ལྷུན་གྲུབ་གཉིས་ཏེ་སྲས་ལྔ་བྱུང་བར་བཤད་པ་ནི་རྒྱལ་རབས་ལོ་རྒྱུས་གཞན་དག་དང་མི་འདྲ་བའི་བཤད་ཚུལ་ཟུར་པ་ཞིག་ཡིན་ཐོག ཁུངས་བརྟེན་སའི་ཡིག་ཆ་འདི་ཡིན་གྱི་གསལ་ཁ་མེད་སྟབས<<ཆོས་འབྱུང་མཁས་པའི་དགའ་སྟོན>>དུ་ཁྲི་ལྡེ་སྲོང་བཙན་ནམ་ལྡེང་ཁྲི་ཞེས་མཚན་གྱི་རྣམ་གྲངས་སུ་གསུངས་པ་རྒྱུ་མཚན་ཆེ་སྙམ། བཙན་པོ་འདི་ལ་མཚན་གྱི་རྣམ་གྲངས་གསུང་ཚུལ་གཞན་དག་མང་པོ་ཞིགོ་འདུག་ཀྱང་འདིར་རང་ལུགས་ནི<<བཀའ་ཐང>>ཁག་གི་ནང་སློབ་དཔོན་ཆེན་པོ་པད་མས་མཚན་སྣྲ་གསོལ་བ་ལ་མུ་ཏིག་བཙན་པོ། ཡབ་རྒྱལ་པོས་མཚན་གསོལ་བ་ཁྲི་ལྡེ་སྲོང་བཙན། བློན་པོ་རྣམས་ཀྱིས་མཚན་གསོལ་བ་སད་ན་ལེགས་བཅས་ཡིན་ཚུལ་གསལ་བར་འཁོད་པ་ཁུངས་དག་པར་མ་ཟད། སྲིད་དབང་བཟུང་བའི་དུས་ཡུན་ཡང<<ཐང་བོད་དབོན་ཞང་མཐུན་འབྲེལ་རྡོ་རིང>>གི་ཤར་ངོས་ཡིག་ཕྲེང༤༢པར་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་གནས་ཚུལ་བཀོད་པའི་མཇུག་སྡོམ་ལ་བཙན་པོ་དབོན་ནི་སྐུ་ཚེ་གཅིག རྒྱ་རྗེ་ཞང་ནི་གདུང་རབས་གསུམ་གྱི་བར་དུ་བཀའ་ཁོན་གྱི་གཅུགས་ནི་མ་བྱུང་ཞེས་པ་འདིར་བརྟགས་ན་བཙན་པོ་འདིས་སྲིད་དབང་བཟུང་བའི་རིང་ལ་ཐང་རྒྱལ་རབས་ཀྱི་གོང་མ་གདུང་རབས་གསུམ་སྟེ་ཐང་ཏེ་ཙུང༌། ཧྲུན་ཙུང༌། ཤན་ཙུང(德宗、顺宗、宪宗)བཅས་ཀྱི་རིང་ལ་ཐང་བོད་བར་དམག་འཁྲུག་གི་གནས་ཚུལ་བྱུང་མེད་པ་གསལ་པོར་འཁོད་པ་གཞིར་བཟུང་ན། བཙན་པོ་འདིས་སྲིད་དབང་བཟུང་བའི་དུས་ཚོད་ནི་ཐང་གི་གོང་མ་ཏེ་ཙུང་གི་ཅེན་ཀྲུང(建中)ཁྲི་ལོ་དང་པོ་ལྕགས་སྤྲེལ(༧༨༠)ལོ་ནས་ཐང་ཧྲུན་ཙུང་གི་ཡུང་ཀྲེན(永贞)ཁྲི་ལོ་དང་པོ་ཤིང་བྱ(༨༠༥)ལོ་བར་དང༌། ཐང་ཤན་ཙུང་གི་ཡོན་ཧའོ་ཁྲི་ལོ་དང་པོ་མེ་ཁྱི(༨༠༦)ལོ་ནས་ཁྲི་ལོ་དགུ་པ་ཤིང་རྟ(༨༡༤)ལོ་བར་བཅས་པས་བསྡོམས་ལོ་སུམ་ཅུ་སོ་ལྔ་བར་སྲིད་དབང་བཟུང་བ་ལྟར་སྣང་ཡང༌། ཞིབ་ཏུ་བཤད་ན་ཐང་ཏེ་ཙུང་གི་ཀྲེན་ཡོན(贞元)ཁྲི་ལོ་བཅུ་གསུམ་པ་མེ་གླང(༧༩༧)ལོར་ཁྲི་སྲོང་ལྡེ་བཙན་གཤེགས་པས་སྲས་མུ་ནེ་བཙན་པོ་རྒྱལ་སར་འཁོད། <<ཀམ་ཀམ་ཆོས་འབྱུང>>དང<<དེབ་དམར་གསར་མ>>སོགས་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁ་ཅིག་ལྟར་ན་མུ་ནེ་བཙན་པོས་སྲིད་དབང་ལོ་གཅིག་དང་ཟླ་བ་བདུན་བཟུང་ནས་ལྟོགས་ཕྱུག་ལན་གསུམ་སྙོམས་ཞེས་པ་གཉིས་གནས་ཚུལ་དངོས་ལ་དེ་འདྲ་ཡོང་ཐབས་མེད་པས་སྲིད་དབང་ལོ་བདུན་དང་ཟླ་བ་དགུ་བཟུང་བར་གསུངས། <<ཐང་དེབ་གསར་རྙིང>>ལས་མུ་ནེ་བཙན་པོས་སྲིད་དབང་བཟུང་རྗེ་ཀྱི་ལོ་གཅིག་ནས་འདས་པར་བཤད་པ་གཞིར་བཟུང་ན་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཐང་ཏེ་ཙུང་གི་ཀྲེན་ཡོན་ཁྲི་ལོ་བཅུ་བཞི་པ་ས་སྟག(༧༩༨)ལོར་སྲིད་དབང་བཟུང་བ་ལྟ་བུར་སྣང་ཞིང༌། དེ་ལྟར་ན་བཙན་པོ་འདིས་ཁྲི་རལ་པ་ཅན་གྱིས་སྲིད་དབང་བཟུང་བའི་ལོ་ཤིང་ལུག(༨༡༥)ལོ་བར་ལོ་བཅུ་བདུན་རིང་སྲིད་དབང་བཟུང་བར་གསལ་བཤད་བྱེད་ཐུབ། བོད་ཀྱི་ལོ་རྒྱུས་ཡིག་ཆ་ཕལ་ཆེ་བའི་ནང་བཙན་པོ་འདིའི་མཛད་རྗེས་མདོར་བསྡུས་ཙམ་ལས་བཀོད་མེདི་འི་ཐོག་བཀས་བཅད་གཉིས་པར་གྲགས་པའི་ཡིག་བསྒྱུར་གྱི་རྩ་འཛིན་ཆེན་པོ་དེ་ཡང་བཙན་པོ་ཁྲི་རལ་པ་ཅན་གྱིས་མཛད་པ་སོགས་ནོར་འཁྲུལ་མང་པོ་བྱུང་ཡོད་པ་ཡང་བཙན་པོ་འདིའི་མཚན་ཁྲི་ལྡེ་སྲོང་བཙན་དང་ཁྲི་རལ་པ་ཅན་གྱི་མཚན་ཁྲི་གཙུག་ལྡེ་བཙན་ཞེས་པ་ཕན་ཚུན་ནོར་བའི་རྐྱེན་གྱིས་བྱུང་བ་ཡིན། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་མཛད་རྗེས་གཙོ་ཆེ་བ། ༡་ཡབ་མེས་ཀྱི་གཙུག་ལག་ཁང་སྔར་ཡོད་རྣམས་ལ་ཉམས་གསོ་ལེགས་པར་མཛད་པ། ༢སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་གསར་བཞེངས་མ། ཛད་པ། ༣རྒྱ་གར་གྱི་པཉི་ཏ་དང་བོད་ཀྱི་ལོ་ཙཱ་བ་ཟུང་འབྲེལ་གྱི་ཐོག་ནས་ཆོས་དང་རིག་གནས་ཀྱི་གཞུང་མང་པོ་བོད་སྐད་དུ་བསྒྱུར་བ། ༤བཀས་བཅད་གཉིས་པར་གྲགས་པ་སྟེ་བོད་ཡིག་གི་ཡིག་བསྒྱུར་རྩ་འཛིན་ཀྱི་ཡིག་ཆ<<སྒྲ་སྦྱོར་བམ་པོ་གཉིས་པ>>ཐོག་མར་འདོན་གནང་མཛད་པ། ༥་སྲིད་དབང་བཟུང་བའི་རིང་ཐང་བོད་གཉིས་ཀྱི་བར་གཞི་རྒྱ་ཆེ་བའི་དམག་འཁྲུག་བྱུང་མེད་པ། ༦་ཐང་བོད་གཉིས་བར་འདུམ་འགྲིག་ཞི་ཆིངས་ཡོང་བའི་རྨང་གཞི་ཐོག་མར་བཏིང་གནང་མཛད་པ། ༧་བཙན་པོ་རིམ་བྱོན་དང་རང་ཉིད་ཀྱི་རིང་སྲིད་དོན་གལ་ཆེའི་ལོ་རྒྱུས་འཁོད་པའི་རྡོ་རིང་ཁག་མང་བཙུགས་སྟེ་དཔང་རྟགས་སུ་འཇོག་གནང་མཛད༌པ་བཅས་ཡིན། ལོ་རྒྱུས་འིབ་པ་བློ་མཐུན་དོན་གྲུབ་རྒྱལ༌དང༌། ཁྲེན་ཆིང་དབྱིན(陈庆英)གཉིས་ཀྱིས་བརྩམས༌པའི<<བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ>>ལྕགས་དཔར་མ་ལས་གསལ་ཞིང༌། བང་སོ་ནི༌རྒྱལ་ཆེན་འཕྲུལ་གཞེར་ཞེས་པ་འདུས་སྲོང་མང་པོ་རྗེའི་བང་སོའི་མདུན་ངོས་སུ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
འདིར་ཆོས་འབྱུང་མཁས་པའི་དགའ་སྟོན》ལས་ཁྲི་ལྡེ་སྲོང་བཙན་དང་ལྡེང་ཁྲི་ཞེས་པ་མཚན་གྱི་རྣམ་གྲངས་སུ་གསུངས།
- language:
- Tibetan