- khri gtsug lde btsan ral pa can
- ID:
- T225586
- ཁྲི་གཙུག་ལྡེ་བཙན་རལ་པ་ཅན (Tibetan, Tibetan script, Original)
- > khri gtsug lde btsan ral pa can (Tibetan, Latin script, Transliteration-THL Extended Wylie Transliteration)
- > tri tsuk dé tsen ralpachen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་ཀྱི་བཙན་པོའི་རྒྱལ་རབས་ཞེ་གཅིག་པ་བཙན་པོ་ཁྲི་ལྡེ་སྲོང་བཙན་དང་བཙུན་མོ་ཆེ་བ་འབྲོ་བཟའ་ཁྲི་མོ་ལེགས་ཀྱི་སྲས་སུ་གནས་བརྟན་སྡེ་པའི་ལུགས་ཀྱི་འདས་ལོ་ཆིག་སྟོང་བཞི་བརྒྱ་བཅུ་པ་མེ་ཁྱི(༨༦༦)ལོར་འཁྲུངས། མཚན་ནི་ཁྲི་གཙུག་ལྡེ་བཙན་དང༌། བླ་དྭགས་ཀྱི་མཚན་ལ་རལ་པ་ཅན་ཟེར། དགུང་ལོ་བཅུ་ལ་སླེབས་པ་ཤིང་ལུག(༨༧༥)ནས་ལོ་ཉི་ཤུ་རྩ་བདུན་ནམ་རྩ་བཞི་སྲིད་དབང་བཟུང་རིང་ཡབ་མེས་གོང་མའི་དུས་དང་མི་འདྲ་བའི་ཆོས་སྲིད་གཉིས་ཀའི་ཐོག་ནས་མཛད་རྗེས་གསར་པ་ཁག་གསུམ་ཡོད་པར་བརྟེན་བོད་ལ་བཀའ་དྲིན་ཆེ་བ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་གཅིག་ཏུ་འདྲེན་སྲོལ་ཡོད་པ་སྟེ། ༡སྲིད་དབང་བཟུང་ནས་ལོ་བདུན་ལ་སླེབས་པ་ལྕགས་གླང(༨༢༡)ལོར་ཐང་བོད་ཕྱོགས་གཉིས་ཀས་མཇལ་དུམ་ཡོང་བའི་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བོད་ཀྱི་ལོ་པཎ་རྣམས་དང་རྒྱའི་ཧྭ་ཤང་རྣམས་ཀྱིས་དཔང་པོ་མཛད་དེ་ཐང་རྒྱལ་རབས་ཀྱི་གོང་མ་མུ་ཙུང་གི་ཁྲང་ཆིང་ཁྲི་ལོ་དང་པོ་དང༌། བཙན་པོ་ཁྲི་རལ་པ་ཅན་གྱི་སྐྱིད་རྟག་ཁྲི་ལོ་བདུན་པ་ལྕགས་གླང(༨༢༡)ལོར་ཐང་གི་རྒྱལ་ས་ཁྲང་ཨན་གྱི་ནུབ་ཕྱོགས་སུ་ཆིངས་འགྲིག་བྱས་ཤིང༌། ལོ་དེའི་རྗེས་མར་བོད་ཀྱི་གྲོང་ཁྱེར་ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་དུ་ཆིངས་འགྲིག་བྱས། ལོ་དེའི་རྗེས་མ་ཆུ་ཡོས(༨༢༣)ལོཀོ་ཁྲང་ཨན་དང༌། ལྷ་ས་ཀཙུག་ལག་ཁང་གི་མདུན། རྒྱ་བོད་ས་མཚམས་ཀྱི་གུང་གུ་རྨེ་རུ་བཅས་སུ་རྡོ་རིང་བཙུགས(རྡོ་རིང་གཞན་གཉིས་དེང་སང་མཐོང་རྒྱུ་མེད་ཀྱང་ལྷ་སའི་རྡོ་རིང་ནི་ད་ལྟ་ཡང་མཐོང་རྒྱུ་ཡོད)ཐོག་གུང་གུ་རྨེ་རུ་བྱ་བའི་ས་གནས་དེ་རྒྱ་བོད་ཀྱི་ས་མཚམས་བྱས་ནས་དེར་བོད་ཀྱི་བཙན་པོའི་གཙུག་ལག་ཁང་ཞིག་དང་རྒྱའི་ལྷ་ཁང་ཞིག་བརྩིགས། གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་བཙན་པོ་དབོན་ཞང་གཉིས་ལས་མེད་དོ་ཞེས་པའི་བརྡ་མཚོན་དུ་ཕ་བོང་ལ་ཉི་ཟླའི་གཟུགས་བརྐོས། ཕྱིན་ཆད་བོད་བོད་ཡུལ་ན་བདེ། རྒྱ་རྒྱ་ཡུལ་ན་བདེ། ས་མཚམས་ཡན་ཆད་ལ་ཕན་ཚུན་དམག་མི་དྲངས། གལ་ཏེ་ས་མཚམས་བརྒལ་ནས་རྒྱ་བོད་སུས་དམག་དྲངས་ན་དམག་དྲངས་མཁན་དེ་རང་ཕུང་བར་གྱུར་ཅིག་ཅེས་ཕྱོགས་གཉིས་ཀས་དམོད་བཙུགས་ཏེ་མནའ་བསྐྱལ་བའི་བཀའ་གཙིགས་ཀྱི་རྡོ་རིང་རེ་རེ་བོད་རྒྱ་གཉིས་ཀྱི་ཕོ་བྲང་གི་མདུན་དང༌། ས་མཚམས་གུང་གུ་རྨེ་རུ་བཅས་ལ་བཙུགས་ཏེ་ངོས་ཆེ་བ་གཉིས་ལ་དབོན་ཞང་གཉིས་ཀྱི་གཙིགས་ཡིག ངོས་ཆུང་བ་གཉིས་ལ་བཀའ་གཙིགས་ལ་ཞུགས་པའི་བོད་རྒྱའི་བློན་པོ་རྣམས་ཀྱི་གོ་ཀནས་དང་མིང་རུས་བཅས་བྲིས་པའི་རྡོ་རིང་བཙུགས་པ་ནས་ལོ་བརྒྱ་ཕྲག་ཁ་ཤས་རིང་རྒྱ་བོད་ཀཉིས་ཀྱི་བར་དམག་འཁྲུག་མེད་པའི་ཞི་བདེའི་དུས་སྐབས་བཟང་པོ་ཞིག་གི་འགོ་ཚུགས་ཐུབ་པ་བྱུང༌། དེ་སྔོན་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་གཏན་འབེབས་བཟོ་གནང་མཛད་ཀྱང་ཡུན་རིང་མ་སོང་བར་ཚད་གཞི་གཅིག་རུ་མ་གནས་པར་བརྟེན་ཕྱིན་ཆད་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་རྣམས་རྒྱ་གར་མ་སྟ་རྙའི་ལུགས་ལྟར་བྱེད་དགོས་པའི་བཀའ་ཕབ། སྐབས་དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ནི་ཤར་ཕྱོགས་སོ་ལོན་ཧྲན་གྱི་རི་རྒྱུད་བར་དང༌། ལྷོ་ཕྱོགས་རྒྱ་གར་གྱི་ཆུ་བོ་གཇའི་བྱང་འགྲམ་བར། ནུབ་ཕྱོགས་ཏཱ་སིག(དབྱི་རན)གེ་ས་མཚམས་སྟག་ཤ་དུང་གི་སྒོ་མོའི་བར། བྱང་ཕྱོགས་ཧོར་སོག་གི་མཚམས་བྱེ་མ་སྒང་རིང་བར་ཡོད། ༢ནང་པ་སངས་རྒྱས་ཆོས་ལུགས་ལ་གུས་བཀུར་ཚད་ལས་འདས་པ་མཛད་པ་དེ་ཡིན་ཅིང༌། ཆབ་སྲིད་ཀྱི་མདུན་ས(གྲོས་ཚོགས)ཆུང་བ་དང་དབང་ཆ་དགེ་འདུན་ལ་ཕུལ། དབུ་ཐོད་ཀྱི་རལ་པ་དགེ་འདུན་གྱི་གདན་དུ་བཏིང༌། འབངས་ཀྱི་ནང་ནས་རབ་ཏུ་བྱུང་བ་གསར་པ་ཡིན་ཀྱང་ཞབས་སྤྱི་བོར་ལེན། དགེ་འདུན་གྱི་འཚོ་བ་ཡང་རྒྱལ་པོའི་མཛོད་ནས་གནང་བ་མ་ཟད། སྟོད་ལུང་ལྕང་ཕུ་ལྷ་ཁང་སོགས་དགོན་སྡེ་ཁག་གཅིག་ལ་ས་ཞིང་དང༌། ནོར་ཕྱུགས། ལྷ་འབངས་བཅས་སྒེར་བདག་གི་དབང་ཆ་དང༌། རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་རེའི་དབང་ཆ་གནང་ཞིང༌། ལྷ་འབངས་རྣམས་དཔྱ་ཁྲལ་ཐད་ཀར་འབུལ་དུ་འཇུག་པ། རབ་བྱུང་ལ་མིག་ངན་བལྟས་པ་སོགས་རྣམ་འགྱུར་ངན་པ་སྟོན་པ་རྣམས་ལ་དབང་པོ་གཅོད་འབྲེག་གི་ཁྲིམས་ཆད་ནན་པོ་བཅད་པ་སོགས་ཚད་ལས་འདས་པའི་གུས་བཀུར་གནང་བར་བརྟེན། རྗེས་སུ་འབངས་གྱེན་ལོག་འབྱུང་རྒྱུའི་རྨང་གཞི་བཏིང་བ་ལྟ་བུ་ཞིག་ཏུ་གྱུར། ༣ལྷ་ཁང་སྔར་ཡོད་ཉམས་གསོ་མཇུག་སྐྱོང་དང་གསར་བཞེངས་གནང་བ། དེ་སྔོན་ཡབ་མེས་རྣམས་ཀྱིས་བཞེངས་པའི་ལྷ་ཁང་སྔར་ཡོད་ཉམས་གསོ་དང༌། བཞེངས་འཕྲོར་ལུས་པ་རྣམས་མཇུག་སྐྱོང༌། གསར་དུ་རྒྱ་དཀར་ནག་དང༌། ཁ་ཆེ། ལི་ཡུལ། བལ་པོ། བོད་དང་བཅས་པའི་བཟོ་བོ་མཁས་པ་མང་པོ་བཀུག་སྟེ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་འོག་ཐོག་གསུམ་རྡོ་བརྩིགས། བར་ཐོག་གསུམ་སོ་ཕག སྟེང་ཐོག་གསུམ་ཤིང་ལས་བྱས་པ་ཚང་མར་མདའ་ཡབ་དང༌། དབུ་རྩེའི་རྒྱ་ཕིབས་རླུང་གིས་བསྐྱོད་ན་ཤར་དང་ནུབ་ཏུ་འཁོར་བསྐྱོད་བྱེད་ཐུབ་པའི་ངོ་མཚར་ཅན་ཞིག་བཞེངས་གནང་ཐོག དེའི་ནང་གི་སྐུ་རྟེན་ཐམས་ཅད་ལི་དཀར་དམར་གྱིས་ལུགས་བྱས་པ་ཤ་སྟཀ་བཞེངས། འོན་ཀྱང་ལྷ་ཁང་དེ་བཞེངས་ནས་རབ་གནས་མ་གྲུབ་གོང་དུ་བློན་པོས༌། སྐུ་བཀྲོངས་ཞེས<<ཆོས་འབྱུང་མཁས་པའི་དགའ་སྟོན>>ལས༌གསུངས། ༤དམ་པའི་ཆོས་སྒྱུར་བའི་ལོ་པཎ་རྣམས་ཀྱིས༌དེ་སྔོན་ཡབ་མེས་ཀྱི་དུས་སུ་མ་བསྒྱུར་བའི་མདོ་སྔགས་ཀྱི་ཆོས་དཔེ་མང་པོ་བསྒྱུར་ཞིང༌། ཡིག་གཟུགས་ལེགས་པ་རྣམས་ལ་གདན་གཡས་གྲལ་དང་གླ་ཡོན་འདོད་པ་དང་མཐུན་པ། འཚོ་རྟེན་ས་ཞིང་དོར་གཅིག་བཅས་གནང་བས་ཡིག་གཟུགས་གོང་འཕེལ་འགྲོ་བར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། འོན་ཀྱང་གོང་དུ་བཤད་པ་ལྟར་ཆོས་བྱེད་དགེ་འདུན་རྣམས་ལ་གཞན་དང་མི་འདྲ་བའི་དམིགས་བསལ་དབང་ཆ་ཆེན་པོ་གནང་བ་དེས་གཤམ་འོག་གི་བློན་པོ་དང་འབངས་རྣམས་འདོད་བློར་མ་བབས་པ་དང༌། དེ་སྔོན་བློན་པོ་དང་བཙུན་མོ་ལ་མ་ཉེས་པར་ཁྲིམས་གཅོད་ཕོག་པ་སོགས་ཀྱི་འཁོན་འཛིན་ཡོད་པ་བཅས་རྐྱེན་ངན་མང་པོ་འཛོམས་པར་བརྟེན། བཙན་པོ་བཀྲོངས་པའི་བྱ་ཐབས་མང་པོ་གོམ་པ་རིམ་བགྲོད་ཀྱིས་ལག་བསྟར་བྱས་ཐོག སྔར་གྱི་འཁོན་འཛིན་ཡོད་པའི་བློན་པོ་སྦས་དང་ཅོག་རོ་གཉིས་ཀྱིས་བཙན་པོར་ཆང་གསོལ་ཏེ་ར་གཟི་བའི་གོ་སྐབས་དང་བསྟུན་ནས་ཞལ་ལྟག་པར་གཅུས་ཏེ་བཀྲོངས། ཞིབ་ཕྲའི་ལོ་རྒྱུས་ཆོས་འབྱུང་ཕལ་ཆེ་བའི་ནང་དུ་གསལ་བས་འདིར་མ་བྲིས་ཤིང་གཟིགས་པར་འདོད་ན<<ཆོས་འབྱུང་མཁས་པའི་དགའ་སྟོན>>དང༌། མྱང་ཉི་མ་འོད་ཟེར་གྱིས་མཛད་པའི<<ཆོས་འབྱུང་མེ་ཏོག་སྙིང་པོ>><<ལྡེའུ་ཆོས་འབྱུང་རྒྱས་བསྡུས>>རྣམས་ཕན་ཚུན་བསྡུར་ནས་གཟིགས། བང་སོ་ནི་ཁྲི་སྟེང་རྨང་རི་ཞེས་འབོད་པ་རྒྱལ་ཆེན་འཁྲུལ་བཞེར་དང་འདུས་སྲོང་གི་བང་སོ་གཉིས་ཀྱི་བར་དུ་ཡོད།
- language:
- Tibetan
2. Thupten Phuntsok Dictionary
བོད་ཀྱི་བཙན་པོའི་རྒྱལ་རབས་ཞེ་གཅིག་པ་བཙན་པོ་ཁྲི་ལྡེ་སྲོང་བཙན་དང་བཙུན་མོ་ཆེ་བ་འབྲོ་བཟའ་ཁྲི་མོ་ལེགས་ཀྱི་སྲས་སུ་སྤྱི་ལོ་༨༠༦པའི་མེ་ཁྱི་ལོར་འཁྲུངས། སྤྱི་ལོ་༨༡༥པའི་ཤིང་ལུག་ལོར་རྒྱལ་སར་འཁོར། ༡ སྲིད་དབང་བཟུང་ནས་ལོ་བདུན་ལ་སླེབས་པ་ལྕགས་གླང (༨༢༡) ལོར་ཐང་བོད་ཕྱོགས་གཉིས་ཀས་མཇལ་དུམ་ཡོང་བའི་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བོད་ཀྱི་ལོ་པཎ་རྣམས་དང་རྒྱའི་ཧྭ་ཤང་རྣམས་ཀྱིས་དཔང་པོ་མཛད་དེ་ཐང་རྒྱལ་རབས་ཀྱི་གོང་མ་མུ་ཙུང་གི་ཁྲང་ཆིང་ཁྲི་ལོ་དང་པོ་དང་། བཙན་པོ་ཁྲི་རལ་པ་ཅན་གྱི་སྐྱིད་རྟག་ཁྲི་ལོ་བདུན་པ་ལྕགས་གླང (༨༢༡) ལོར་ཐང་གི་རྒྱལ་ས་ཁྲང་ཨན་གྱི་ནུབ་ཕྱོགས་སུ་ཆིངས་འགྲིག་བྱས་ཤིང་། ལོ་དེའི་རྗེས་མར་ཆུ་རྟག་ལོར་བོད་ཀྱི་གྲོང་ཁྱེད་ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་དུ་ཆིངས་འགྲིག་བྱས། ལོ་དེའི་རྗེས་མ་ཆུ་ཡོས (༨༢༣) ལོར་གཞི་ནས་རྒྱལ་ས་ཁྲང་ཨན་དང་། ལྷ་ས་གཙུག་ལག་ཁང་གི་མདུན། རྒྱ་བོད་ས་མཚམས་ཀྱི་གུང་གུ་རྨེ་རུ་བཅས་སུ་རྡོ་རིང་བཙུགས (རྡོ་རིང་གཞན་གཉིས་དེང་སང་མཐོང་རྒྱུ་མེད་ཀྱང་ལྷ་སའི་རྡོ་རིང་ནི་ད་ལྟ་ཡང་མཐོང་རྒྱུ་ཡོད) ཐོག་གུང་གུ་རྨེ་རུ་བྱ་བའི་ས་གནས་དེ་རྒྱ་བོད་ཀྱི་ས་མཚམས་བྱས་ནས་དེར་བོད་ཀྱི་བཙན་པོའི་གཙུག་ལག་ཁང་ཞིག་དང་རྒྱའི་ལྷ་ཁང་ཞིག་བརྩིགས། གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་བཙན་པོ་དབོན་ཞང་གཉིས་ལས་མེད་དོ་ཞེས་པའི་བརྡ་མཚོན་དུ་ཕ་བོང་ལ་ཉི་ཟླའི་གཟུགས་བརྐོས། ཕྱིན་ཆད་བོད་བོད་ཡུལ་ན་བདེ། རྒྱ་རྒྱ་ཡུལ་ན་བདེ། ས་མཚམས་ཡན་ཆད་ལ་ཕན་ཚུན་དམག་མི་དྲངས། གལ་ཏེ་ས་མཚམས་བརྒལ་ནས་རྒྱ་བོད་སུས་དམག་དྲངས་ན་དམག་དྲངས་མཁན་དེ་རང་ཕུང་བར་གྱུར་ཅིག་ཅེས་ཕྱོགས་གཉིས་ཀས་དམོད་བཙུགས་ཏེ་མནའ་བསྐྱལ་བའི་བཀའ་གཙིགས་ཀྱི་རྡོ་རིང་རེ་རེ་བོད་རྒྱ་གཉིས་ཀྱི་ཕོ་བྲང་གི་མདུན་དང་། ས་མཚམས་གུང་གུ་རྨེ་རུ་བཅས་ལ་བཙུགས་ཏེ་ངོས་ཆེ་བ་གཉིས་ལ་དབོན་ཞང་གཉིས་ཀྱི་གཙིགས་ཡིག ངོས་ཆུང་བ་གཉིས་ལ་བཀའ་གཙིགས་ལ་ཞུགས་པའི་བོད་ཀྱི་རྒྱའི་བློན་པོ་རྣམས་ཀྱི་གོ་གནས་དང་མིང་རུས་བཅས་བྲིས་པའི་རྡོ་རིང་བཙུགས་པ་ནས་ལོ་བརྒྱ་ཕྲག་ཁ་ཤས་རིང་རྒྱ་བོད་གཉིས་ཀྱི་བར་དམག་འཁྲུག་མེད་པའི་ཞི་བདེའི་དུས་སྐབས་བཟང་པོ་ཞིག་གི་འགོ་ཚུགས་ཐུབ་པ་བྱུང་། མཐར་བློན་པོ་སྦས་དང་ཅོག་རོ་གཉིས་ཀྱིས་སྤྱི་ལོ་༨༣༦པའི་མེ་འབྲུག་ལོར་བཙན་པོར་ཆང་གསོལ་ཏེ་ར་གཟི་བའི་གོ་སྐབས་དང་བསྟུན་ནས་ཞལ་ལྟག་པར་གཅུས་ཏེ་བཀྲོངས། བང་སོ་ནི་ཁྲི་སྟེང་རྨང་རི་ཞེས་འབོད་པ་རྒྱལ་ཆེན་འཁྲུལ་བཞེར་དང་དུས་སྲོང་གི་བང་སོ་གཉིས་ཀྱི་བར་དུ་ཡོད།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་བོད་ལུགས་ཆུ་ཕོ་རྟ་ལོ་སྟེ་སྤྱི་ལོ 802 ལོར་ཡབ་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་དང་། ཡུམ་འབྲོ་བཟའ་ཁྲི་མོ་ལེགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ལུགས་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ 841 ལོར་བློན་པོ་དབའས་རྒྱལ་ཏོ་རེ་སྟག་རྣ་ཅན་སོགས་ཀྱིས་བཀྲོངས། ཁོང་དགུང་ལོ་བཅུ་གསུམ་པ་བོད་ལུགས་ཤིང་མོ་ལུག་ལོ་སྟེ་སྤྱི་ལོ 815 ལོར་མི་འཇིགས་གདོང་ལྔའི་ཁྲི་ལ་བཞུགས་ནས་ལོ་ངོ་ཉེར་བདུན་གྱི་རིང་དུ་རྒྱལ་སྲིད་བསྐྱངས། བན་དེ་ཆེན་པོ་བྲན་ཀ་དཔལ་གྱི་ཡོན་ཏན་གྱིས་བློན་པོའི་གཙོ་བོ་མཛད་ཅིང་། ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མ་དང་། མཆིམས་བཟའ་ཁྱུང་དཀར་མ། སྣ་ནམ་བཟའ་ཨ་རྗེ་ཕོ་ལེགས། ཚེ་སྤོང་བཟའ་ལྷུན་གྱི་བུ་མོ། ལྷ་ལུང་བཟའ་མེ་ཏོག་མ་བཅས་བཙུན་མོ་ལྔ་ཙམ་ཁབ་ཏུ་བཞེས་ཀྱང་རིགས་སྲས་ནི་མ་འཁྲུངས་བར་གྲགས། ཁོང་གིས་ཐོག་མར་ཆབ་སྲིད་ཀྱི་མཐའ་བཀྱེད་ཀྱང་བོད་ལུགས་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ 823 ལོར་ཐང་བོད་མཇལ་དུམ་མཛད་ནས《དབོན་ཞང་དབུ་སྙུང་རྡོ་རིང》བཞེངས་པ་དང་། བོད་ཡུལ་གྱི་སངས་རྒྱས་བསྟན་པ་ལ་བཀུར་སྟི་དང་རིམ་གྲོ་ཚད་ལས་བརྒལ་བ་མཛད་ཅིང་། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་ལྷ་ཁང་བཞེངས་པ་དང་། སྒོམ་གྲྭ། བཤད་གྲྭ། འདུལ་གྲྭ་སོགས་བཅུ་ཕྲག་འགའ་བཙུགས་ནས་རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་ཚང་བདུན་རེ་ལྷ་རིས་སམ་མཆོད་གཞིས་སུ་ཕུལ་ཏེ་ཞབས་ཏོག་བླ་ན་མེད་པ་མཛད་ཅིང་། དམ་པའི་ཆོས་བསྒྱུར་[186]ནས་མིང་དུ་བཏགས་པ་རྣམས་དཀར་ཆག་ལ་བྲིས་ཏེ་བཀས་བཅད་པའི་སྐོར་སོགས་མཛད་ནས་དགུང་ལོ་སུམ་ཅུ་སོ་དགུ་པར་བཀྲོངས་སོ། 《རྒྱལ་རབས་གསལ་བའི་མེ་ལོང》ལས་ “མངའ་བདག་རལ་པ་ཅན་གྱི་བང་སོ་ནི། དོན་མཁར་མདའ་ཡི་གཡོན་ཟུར་དེ་རུ་བརྩིགས། བང་སོ་དེའང་རིན་ཆེན་ནོར་གྱིས་བཀང་། མིང་ནི་ཁྲི་སྟེང་རྨང་རི་ཟེར་རོ་སྐད” ཞེས་འཁོད་འདུག་གོ གོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ནི《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ལྟར་བཀོད་པ་ཡིན་ནོ།།
- language:
- Tibetan