Skip to main content Skip to search
khrims khang pa bsod nams rgya mtsho
ID:
T225614
  • ཁྲིམས་ཁང་པ་བསོད་ནམས་རྒྱ་མཚོ (Tibetan, Tibetan script, Original)
    • > khrims khang pa bsod nams rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trim khangpa sönam gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ཁྲིམས་ཁང་ལོ་ཙཱ་བའམ་ཁྲུས་ཁང་ལོ་ཙཱ་བ་ཡང་ཟེར། ངན་ལམ་བཙན་པོ་འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་རིགས་བརྒྱུད་ལས་བྱུང་བའི་ཡབ་རོག་ཚོ་བ་བསོད་ནམས་འོད་ཟེར་དང་ཡུམ་དཔལ་ལྡན་འཛོམས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཤིང་འབྲུག(༡༤༢༤)ལོར་འཁྲུངས། སྲས་ལྔ་ཡོད་པའི་ཆེ་བ་དེ་ཡིན། ཐོག་མའི་མཚན་ལ་དཔལ་འབྱོར་རྒྱ་མཚོ་ཞེས་འབོད་ཀྱང་རྗེས་སུ་གསང་ཕུ་བྲག་ནག་གི་རིན་པོ་ཆེ་མགོན་རྒྱལ་བས་བསོད་ནམས་རྒྱ་མཚོའི་སྡེ་ཞེས་མཚན་གསོལ། ཆུང་ངུའི་དུས་སུ་ན་མཉམ་བྱིས་པ་གཞན་དང་མི་འདྲ་བའི་མཁྱེན་རབ་ཀྱི་རྩལ་དང་ཀུན་སྤྱོད་ཕུན་སུམ་ཚོགས་པ་མངའ་འིང༌། དགུང་ལོ་བདུན་པ་ལྕགས་ཁྱི(༡༤༣༠)ལོར་ཀུན་མཁྱེན་རོང་སྟོན་སྨྲ་བའི་སེང་གེ་བསམ་ཡས་སུ་ཕེབས་ནས་ཆོས་འཁོར་བསྐོར་བ་དང་མཇལ་ཏེ་རབ་བྱུང་གི་སྡོམ་པ་བཞེས། སྐུ་ཞང་སློབ་དཔོན་ངག་དབང་པ་དགེ་རྒན་དུ་བསྟེན་ནས་ཚད་མ་རྣམ་འགྲེལ་དང་ཕར་ཕྱིན་ལ་སློབ་གཉེར་མཛད། དགུང་ལོ་བཅུ་གསུམ་པ་མེ་འབྲུག(༡༤༣༦)ལོར་རྩེད་ཐང་ཆོས་སྡེར་ཕར་ཕྱིན་དང་ཚད་མ་གཉིས་ལ་བཤད་པ་དང་བགྲོ་གླེང་མཛད། ཕག་གྲུ་སྡེ་སྲིད་དབང་གྲགས་པ་འབྱུང་གནས་ཀྱིས་མཐུན་རྐྱེན་གང་དགོས་སྦྱར་བཞིན་གཞུང་ཆེན་ལྷག་མ་གསུམ་གྱི་སློབ་གཉེར་མཐར་ཕྱིན་པ་གནང༌། ཐུགས་རབ་ཀྱི་རྩལ་ཆེ་བས<<བཤེས་སྤྲིངས>>ཆ་ཚང་ཉིན་གཅིག་ལ་ཐུགས་འཛིན་གནང་ཐུབ། དགུང་ལོ་ཉེར་གཅིག་པ་ཤིང་བྱི(༡༤༤A)ལོར་རྩེད་ཐང་གི་ཚོགས་པའི་དབུས་སུ<<བྱམས་ཆོས་སྡེ་ལྔ>><<དབུ་མ་རིགས་ཚོགས་དྲུག>><<སྤྱོད་འཇུག>><<བཞི་བརྒྱ་པ>><<མངོན་པ་གོང་འོག>><<འདུལ་བ་མདོ་རྩ་བ>><<ཚད་མ་སྡེ་བདུན>>སོགས་གཞུང་མང་པོའི་བཤད་པ་མཛད། འཕན་པོ་ན་ལེསྦྲ་ལ་རོང་སྟོན་ཐམས་ཅད་མཁྱེན་པ་བཞུགས་པའི་དྲུང་ནས་གཞུང་ཆེན་པོ་ལྔའི་བཤད་པ་བསྐྱར་དུ་གསན། གཞན་ཡང་དྭགས་པོ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་དང༌། རྔོག་བྱང་ཆུབ་དཔལ་བ། འཕན་པོ་གྲོ་སའི་དམར་སྟོན་རྒྱལ་མཚན་འོད་ཟེར། སྣར་ཐང་མཁན་ཆེན་བསོད་ནམས་མཆོག་གྲུབ། མཁན་ཆེན་ཀུན་དགའ་རྒྱལ་མཚན། མཚུར་ཕུའི་འཇམ་དབྱངས་དོན་གྲུབ་འོད་ཟེར། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་སོགས་བླ་མ་མཁས་གྲུབ་གཉིས་ལྡན་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་བོད་དུ་བཞུགས་པ་མཐའ་དག་གསན། རྒྱ་གར་ནས་པཉི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་བོད་དུ་ཕེབས་པ་དང་མཇལ་ཏེ་བོད་དུ་མ་བཞུགས་པའི་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་དང་དུས་འཁོར་ཆ་ཚང་བ་གསན། གཞན་ཡང་པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ་དང་ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་སོགས་བླ་མ་སུམ་ཅུ་ལྷག་ཙམ་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན། དགུང་ལོ་ཉེར་གཉིས་པ་ཤིང་གླང་(༡༤༤༤)ལོར་སྣར་ཐང་མཁན་ཆེན་དོན་གྲུབ་དཔལ་གྱིས་མཁན་པོ་མཛད་དེ་དགེ་སློང་གི་སྡོམ་པ་བཞེས། དེ་ནས་རྩེད་ཐང་བསམ་གཏན་གླིང་དང༌། ཕོ་བྲང་ཡུམ་བུ་བླ་མཁར། འོན་རྒྱལ་བཟང༌། བསམ་ཡས་མཆིམས་ཕུ། ཁྲིམས་ཁང་གླིང༌། བྲག་ལྷ་ཀླུ་སྒུག་སོགས་དབེན་པའི་གནས་མང་པོར་མཚམས་བཅད་སྒོམ་སྒྲུབ་ལོ་མང་པོར་མཛད་པས་ཉམས་རྟོགས་བཟང་པོ་ཐུགས་རྒྱུད་ལ་འཁྲུངས་ཤིང༌། དེ་ནས་དད་འདུས་སློབ་མ་མང་པོར་རང་གི་མོས་པ་དང་འཚམས་པའི་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་སྩལ། དགུང་ལོ་ཞེ་དགུ་པ་ཆུ་འབྲུག(༡༤༧༢)ལོར་ཡར་རྒྱབ་དཔོན་ཀི་རིན་ཆེན་ཆོས་རྒྱལ་དང༌། ལྕམ་མོ་རྡོ་རྗེ་བདེ་མ་གཉིས་ལ་བཀའ་གནང་སྟེ་གྲྭ་ནང་བྱམས་པ་གླིང་གི་མཆོད་རྟེན་ཆེན་མོ་ཕྱི་མཆོད་རྟེན་ལ་ནང་ལྷ་ཁང་དུ་ཡོད་པ་བཟོ་བཀོད་ཕུན་སུམ་ཚོགས་པ་ཞིག་བཞེངས། དུས་འཁོར་ནས་བཤད་པ་ལྟར་གྱི་རྫོགས་རིམ་གྱི་རིམ་པ་བཞི་པའི་འོད་གསལ་མངོན་དུ་གྱུར། གཞན་ཡང་གཙུག་ལག་ཁང་རྙིང་པ་ཞིག་གསོས་དང༌། སྐུ་གསུང་ཐུགས་རྟེན་གསར་བཞེངས་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་ཧ་ཅང་རྒྱ་ཆེ། རྒྱ་གར་ཏུ་བྱོན་མ་མྱོང་ཡང་འཕྲལ་སྐད་དང་སེ་སྐྲོ་ཏའི་སྐད་ལ་བྱང་ཆུབ་པར་བརྟེན་རྒྱ་གར་གྱིjཔཎ་ཆེན་ནགས་ཀྱི་རིན་ཆེན་བོད་དུ་ཕེབས་ནས་ཆོས་གསུངས་སྐབས་ཀྱི་གསུང་བསྒྱུར་མཛད་པ་མ་ཟད། <<སྙིང་པོ་བརྒྱ་པ་རྩ་འགྲེལ>>སོགས་གཞུང་ཆུང་མང་པོ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་གནང་མཛད། གསུང་རྩོམ་སྐོར་ལ་ཡང<<དུས་འཁོར་རྩ་རྒྱུད་ཀྱི་འགྲེལ་བཤད>>སོགས་དཔར་དུ་འཁོད་པ་པོད་བཅུ་གཉིས་ཙམ་ཡོད། དགུང་ལོ་ང་དགུ་པ་རབ་བྱུང་བརྒྱད་པའི་ཆུ་སྟག(༡༤༨༢)ལོར་སྐུ་གཤེགས། རྣམ་ཐར་མདོར་བསྡུས་ཤིག་བྱང་པ་ཆོས་རྒྱལ་བཀྲ་ཤིས་དར་རྒྱས་ཀྱིས་བརྩམས་པ་ཞིག་དང<<དེབ་ཐེར་སྔོན་པོ>>ལྕགས་དཔར་མའི་སྨད་ཆ་ཤོག་གྲངས༩༤༢ནས༩༧༧བར་གསལ།

language:
Tibetan

2. Thupten Phuntsok Dictionary

ཁྲིམས་ཁང་ལོ་ཙཱ་བའམ་ཁྲུས་ཁང་ལོ་ཙཱ་བ་ཡང་ཟེར། ངན་ལམ་བཙན་པོ་འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་རིགས་རྒྱུད་ལས་བྱུང་བའི་ཡབ་རོག་ཚོ་བ་བསོད་ནམས་འོད་ཟེར་དང་ཡུམ་དཔལ་ལྡན་འཛོམས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཤིང་འབྲུག (༡༤༢༤) ལོར་འཁྲུངས། དགུང་ལོ་ང་དགུ་པ་རབ་བྱུང་བརྒྱད་པའི་ཆུ་སྟག (༡༤༨༢) ལོར་སྐུ་གཤེགས།

language:
Tibetan