Skip to main content Skip to search
khro phu lo tsA ba
ID:
T225768
  • ཁྲོ་ཕུ་ལོ་ཙཱ་བ (Tibetan, Tibetan script, Original)
    • > khro phu lo tsA ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tro pu lotsawa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མཚན་དངོས་ཚུལ་ཁྲིམས་ཤེས་རབ་དང༌། མཚན་གྱི་རྣམ་གྲངས་སུ་བྱམས་པའི་དཔལ་ཡང་ཞུ། ཡབ་ཀུན་ལྡན་རས་པའི་གཅུང་པོ་གནུབས་ཇོ་འཕན་དང༌། ཡུམ་གསལ་བྱེད་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ཆུ་སྦྲུལ(༡༡༧༣)ལོར་འཁྲུངས། (<<མཁས་པའི་དགའ་སྟོན>>ལས་ཀུན་ལྡན་གྱི་ཉེར་ལྔ་པ་ས་འབྲུཀ་ལ་འཁྲུངས་ཞེས་གསལ་བ་ཡིག་ནོར་ཡིན་ཏེ། གོང་དུ་ཀུན་ལྡན་རས་པའི་འཁྲུངས་ལོ་ས་འབྲུག་ཡིན་ཞེས་གསལ་བས་དེས་ན་ཀུན་ལྡན་ས་འབྲུག་ལ་འཁྲུངས་པའི་ཉེར་ལྔ་པ་ཆུ་འབྲུག་(༡༡༧༢)ཞེས་གསུང་རྒྱུ་ཡིན་འདུག)དགུང་ལོ་དྲུག་ནས་ཡི་གེ་འབྲི་ཀློག་བསླབས་པ་ཙམ་གྱིས་དཀའ་ཚེགས་མེད་པར་མཁྱེན། དགུང་ལོ་བཅུ་ལ་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ལ་ཚུལ་ཁྲིམས་ཤེས་རབ་ཞེས་གསོལ། དགུངལོབཅུདགུཔལྕགསཕག(༡༡༩༡)ལོར་རྒྱལ་ཚ་རིན་ཆེན་མགོན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པའི་མཚན་ལ་བྱམས་པའི་དཔལ་ཞེས་བཏགས། དགུང་ལོ་ཉེར་ལྔ་པ་མེ་སྦྲུལ(༡༡༩༧)ལོར་གྲུབ་ཆེན་མི་ཏྲ་ཛོ་ཀི་བོད་དུ་གདན་དྲངས་ནས་གསང་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། དགུང་ལོ་ཉེར་བདུན་པ་ས་ལུག(༡༡༩༩)ལོར་ཡབ་གཤེགས་པའི་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་མཛད། དགུང་ལོ་ཉེར་བརྒྱད་པ་ལྕགས་སྤྲེལ(༡༢༠༠)ལོར་པཎ་ཆེན་བུརྙོ་ཤི་བོད་དུ་གདན་དྲངས། མངའ་རིས་མང་ཡུལ་དུ་ཁྲོ་ཕུར་བྱམས་ཆེན་བཞེངས་རྒྱུའི་ཞལ་རིས་ཀྱི་སྐྱ་ཐིག་པཎ་ཆེན་སྐུ་དངོས་ཀྱིས་མཛད། པཎ་ཆེན་དེ་དབུས་གཙང་གཉིས་སུ་ལོ་གསུམ་བཞུགས་རིང་མདོ་སྔགས་ཀྱི་ཆོས་མང་དུ་གསུངས་པའི་ལོ་ཙཱ་བ་མཛད། ལོ་ཙཱ་བ་ཉིད་ལ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་སོགས་ཟབ་ཆོས་མང་དུ་གནང༌། དགུང་ལོ་སོ་གཅིག་པ་ཆུ་ཕག(༡༢༠༣)ལོར་འབྲི་གུང་སྤྱན་སྔ་རིན་པོ་ཆེའི་དྲུང་ནས་རང་ལུཀས་ཀྱི་ཆོས་སྐོར་མང་པོ་གསན། དགུང་ལོ་སོ་གཉིས་པ་རབ་བྱུང་གསུམ་པའི་ཤིང་བྱི་(༡༢༠༤)ལོར་རྒྱ་གར་ནས་གྲོ་མོའི་ཚོང་འདུས་བརྒྱུད་ཁ་ཆེ་པཎ་ཆེན་ཤཱཀྱ་ཤི་བོད་དུ་གདན་དྲངས། (<<ལྷོ་རོང་ཆོས་འབྱུང>>ལས་པཎ་ཆེན་འདི་བོད་དུ་ཕེབས་སྐབས་དགུང་ལོ་དྲུག་ཅུ་རེ་ལྔ་པ་ཡིན་འེས་གསལ་བ་པཎ་ཆེན་གྱི་རྣམ་ཐར་ཁྲོ་ཕུ་ལོ་ཙཱ་བས་མཛད་པ་དང་མི་མཐུན)ལོ་དེའི་དབྱར་གནས་ཁྲོ་ཕུར་མཛད་རིང་བྱམས་ཆེན་གྱི་སྐུ་དང་ལྷ་ཁང་བཞེངས་པའི་དབུ་ཚུགས། པཎ་ཆེན་དེ་ཉིད་གཙང་དུ་ལོ་བཞི། དབུས་སུ་ལོ་བཞི། ཡར་ལམ་གཙང་དང་མངའ་རིས་སུ་ལོ་ཛ་གཉིས་བཅས་ལོ་ངོ་བཅུ་བོད་དུ་བཞུགས་རིང་མདོ་སྔགས་ཀྱི་ཆོས་མང་དུ་གསུངས་པའི་ལོ་ཙཱ་བ་མཛད། དེ་དུས་བོད་དུ་ལོ་ཙཱ་བའི་མཚན་ཐོགས་པ་མང་པོ་ཡོད་ཀྱང་ཁྲོ་ཕུ་ལོ་ཙཱ་བ་སྐུ་མདུན་དུ་བཞུགས་མེད་དུས་པཎ་ཆེན་གྱིས་ཆོས་གཏན་ནས་མི་གསུང་ཞིང༌། ངའི་མ་ཧཱ་ལོ་ཙཱ་བ་འདི་ལྟ་བུ་བོད་ན་ཡོད་པ་འདི་བོད་མི་རྣམས་བསོད་ནམས་ཆེན་པོ་ཡིན་གསུང་ནས་ཚད་མཐོའི་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་གནང་ཞིང༌། པཎ་ཆེན་ཉིད་ཀྱི་དྲུང་ནས་ཐུན་མོང་མ་ཡིན་པའི་ཆོས་སྐོར་ཡང་མང་དུ་གསན། པཎ་ཆེན་བོད་དུ་བཞུགས་རིང་འབུལ་བ་དཔག་ཏུ་མེད་པ་བྱུང་བ་ཚང་མ་ཁྲོ་ཕུ་ལོ་ཙཱ་བས་བྱམས་ཆེན་བཞེངས་པའི་ཐེབས་སུ་གསོལ་རས་གེནང་བས་ལོ་ངོ་བཅུའི་ཁོངས་སུ་ཁྲོ་ཕུའི་བྱམས་ཆེན་སྐུ་རྒྱུ་གསེར་ཟངས་ལས་གྲུབ་ཅིང་བཟོ་བཀོད་འགྲན་ཟླ་མེད་པ་བཞེངས་ཏེ། པཎ་ཆེན་སྐུ་ངོ་མས་རབ་གནས་ཐེངས་མང་མཛད། རབ་བྱུང་བཞི་པའི་ཤིང་ཁྱི(༡༢༡༤)ལོར་ཁ་ཆེ་པཎ་ཆེན་མངའ་རིས་ནས་ཁ་ཆེའི་ཡུལ་དུ་ཕྱིར་ཕེབས་མཛད་རྗེས། ལོ་ཙཱ་བའི་དགུང་ལོ་ཞེ་བཞི་པ་མེ་བྱི(༡༢༡༦)ལོར་ཡུམ་གཤེགས་ཤིང༌། དེའི་ཕྱི་ལོར་ཁུ་བོ་ཀུན་ལྡན་རས་པ་གཤེགས་པ་བཅས་ཀྱི་དགོངས་རྫོགས་མཆོད་འབུལ་གཞན་གྱིས་བློ་ཡུལ་དུ་མི་ཤོང་བ་ལྟ་བུ་བསྐྲུབ། དགུང་ལོ་ཞེ་བདུན་པ་རབ་བྱུང་བཞི་པའི་ས་ཡོས(༡༢༡༩)ལོར་ཁྲོ་ཕུ་ག༡ན་མཁར་གྱི་བྲག་སེང་གེ་རྫོང་དུ་སྒོམ་སྒྲུབ་མཛད་ཅིང་བཞུགས། ཁ་རག་སྒོམ་ཆུང་དུ་སྐུ་གཤེགས་ནས་སྐྱེ་བ་བཞེས་གྲབས་ཡོད་པ་མཁྱེན་ནས་བསླབ་པ་ཕུལ་ཏེ་རིག་མ་ཞིག་བླངས་པའི་སྲས་སུ་ཁྲོ་ཕུའི་སེམས་དཔའ་ཆེན་པོ་བསོད་ནམས་སེང་གེ་འཁྲུངས་ཤིང༌། ལོ་ཙཱ་བ་རང་ཉིད་སྲས་མ་འཁྲུངས་གོང་གི་ས་ཡོས་ལོ་དེར་གཤེགས། ལོ་ཙཱ་བ་འདིའི་རྣམ་ཐར་ཅུང་ཟད་རྒྱས་པ<<ལྷོ་རོང་ཆོས་འབྱུང>>ལྕགས་དཔར་མའི་ཤོག་གྲངས༣༣༠ནས༣༣༥བར་གསལ།

language:
Tibetan

2. Thupten Phuntsok Dictionary

མཚན་དངོས་ཚུལ་ཁྲིམས་ཤེས་རབ་དང་། མཚན་གྱི་རྣམ་གྲངས་སུ་བྱམས་པའི་དཔལ་ཡང་ཞུ།

language:
Tibetan