- mkhan chen bkra shis lhun grub
- ID:
- T225805
- མཁན་ཆེན་བཀྲ་ཤིས་ལྷུན་གྲུབ (Tibetan, Tibetan script, Original)
- > mkhan chen bkra shis lhun grub (Tibetan, Latin script, Transliteration-THL Extended Wylie Transliteration)
- > khenchen tashi lhündrub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་སོ་གཅིག་པ་ཡིན། རབ་བྱུང་བཅུ་གཅིག་པའི་ཆུ་བྱི་སྤྱི་ལོ་༡༦༧༢ལོར་རང་ཞབས་མདོ་མཁར་དུ་འཁྲུངས། དགུང་ལོ་བརྒྱད་ཙམ་ལ་ཡབ་དང་སྐུ་མཆེད་འདས་པའི་མྱ་ངན་གྱིས་ཁང་གཞིས་སྤངས་ཏེ་ཡུམ་སྲས་གཉིས་ངོར་དུ་བྱོན། ངོར་དུ་ཉེ་འབྲེལ་མི་ཆེན་ཁག་ཅིག་ཡོད་ཀྱང་ངོ་མ་བསྟན་པ་སོགས་ཀྱིས་ལོ་གསུམ་ཙམ་རིང་མགོ་འདྲེན་ཅི་མེད་པས་འོ་བརྒྱལ་ཆེན་པོ་བྱུང་། དེ་ནས་ཀླུ་ལྡིང་ཤར་ཆེན་ཡེ་ཤེས་བཟང་པོས་མགོ་འདྲེན་མཛད། དགུང་ལོ་ཉེར་གསུམ་པར་ཤར་ཆེན་དེ་ཉིད་ལས་བསྙེན་པར་རྫོགས། མཁས་གྲུབ་སངས་རྒྱས་ཕུན་ཚོགས་སོགས་ལས་དབང་དང་མན་ངག་མཐའ་ཡས་པ་གསན། ཀླུ་ལྡིང་པའི་བཀའ་ལྟར་སྒ་སྟོད་དུ་ཕེབས། དེ་ཁུལ་དུ་ཡུན་རིང་ཙམ་བཞུགས། དགུང་ལོ་ང་གཅིག་པ་རབ་བྱུང་བཅུ་གཉིས་པའི་ཆུ་སྟག་སྤྱི་ལོ་༡༧༢༢ལོར་རྡོ་རྗེ་འཆང་གི་རྒྱལ་ཚབ་མཛད། ལམ་འབྲས་སོགས་ཀྱི་ཆོས་འཁོར་གསུངས་པ་མཐའ་ཡས་གསན། གདན་ས་ལོ་ངོ་བཞིར་བསྐྱངས། སྡེ་དགེ་ས་སྐྱོང་བསྟན་པ་ཚེ་རིང་གི་དབུ་བླ་མཛད་ནས་སྡེ་དགེར་ལོ་བཅུ་གཅིག་བཞུགས། བསྟན་འགྱུར་ཡོངས་རྫོགས་པར་ཤིང་བརྐོ་མཛད་དགོས་པའི་བཀའ་གནང་བ་ལྟར་དུ་ཆོས་རྒྱལ་གྱིས་བཞེངས་པ་སོགས་བསྟན་པ་སྤྱི་ལ་བཀའ་དྲིན་ཤིན་ཏུ་ཆེ། ཨེ་ཝཾ་རྡོ་བཅལ་ལྷ་ཁང་དུ་ལྡེབས་རིས་མདོ་སྡེ་གསེར་འོད་ནས་གསུངས་པའི་ཕྱོགས་བཅུའི་སངས་རྒྱས། བདེ་གཤེགས་མཆེད་བརྒྱད། བྱང་སེམས་ཉེ་བའི་སྲས་བརྒྱད་སོགས་སེམས་དཔའ་དང་སེམས་མའི་ཚོགས། འཕགས་པ་གནས་བརྟན་བཅུ་དྲུག ཆོས་སྲུང་རྒྱལ་ཆེན་བཞི་སོགས་ངོ་མཚར་བའི་བཀོད་པ་དང་བཅས་བཞེངས་པ་སོགས་རྟེན་གསུམ་གྱི་བཞེངས་པ་མཐའ་ཡས། དགུང་ལོ་རེ་བརྒྱད་པ་རབ་བྱུང་བཅུ་གཉིས་པའི་ས་ལུག་སྤྱི་ལོ་༡༧༣༩ལོར་སྡེ་དགེར་སྐུ་གཤེགས་པ་ཡིན་ནོ། །
- language:
- Tibetan