- mkhas btsun yon tan rgya mtsho
- ID:
- T225951
- མཁས་བཙུན་ཡོན་ཏན་རྒྱ་མཚོ (Tibetan, Tibetan script, Original)
- > mkhas btsun yon tan rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > khé tsün yönten gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ཇོ་ནང་པའི་ཆོས་བརྒྱུད་འཛིན་པ་བྱང་སེམས་རྒྱལ་བ་ཡེ་ཤེས་ཀྱི་སློབ་མ་དེ་ཡིན(ཡང་བླ་མ་འདི་དང་མཚན་མཐུན་པ་ཐོན་པ་མཁས་བཙུན་རྒྱ་མཚོ་ཞུ་བ་ནི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་མཁན་རབས་དགུ་པ་དེ་ཡིན)དམ་པ་འདི་ནི་ཡུལ་མདོག་གི་སྤེན་པར་རབ་བྱུང་བཞི་པའི་ལྕགས་སྤྲེལ་(༡༢༦༠)ལོར་འཁྲུངས། དགུང་ལོ་ཆུང་དུས་ནས་ས་སྐྱར་ཕེབས་ཏེ་བླ་མ་འཇམ་དབྱངས་པ་བསྟེན་ནས་གཞུང་ཆེན་པོ་ལྔར་མཁས་པར་སྦྱངས། བླ་མ་འཇམ་དབྱངས་པ་སོག་ཡུལ་དུ་བྱོན་པའི་ཞབས་ཕྱིར་ཕེབས། དེ་ནས་དགོངས་ཞུ་གནང་སྟེ་དབུས་སུ་བྱོན་ནས་ཇོ་ནང་ཀུན་སྤངས་པ་དང༌། བྱང་སེམས་རྒྱལ་བ་ཡེ་ཤེས་གཉིས་ཀྱི་དྲུང་ནས་གསང་སྔགས་ཀྱི་ཆོས་སྐོར་མང་དུ་གསན། གང་གསན་པ་རྣམས་ཉམས་བཞེས་སུ་མཛད་པས་ཉམས་རྟོགས་མཐོན་པོར་གྱུར་ཏེ་འཆད་སྤེལ་མཛད་པས་སློབ་མ་ཡང་མང་དུ་ཐོན། དགུང་ལོ་རེ་གཅིག་པ་རབ་བྱུང་ལྔ་པའི་ལྕགས་སྤྲེལ(༡༣༢༠)ལོར་ཇོ་ནང་གི་གདན་སར་ཕེབས། དགུང་ལོ་རེ་བརྒྱད་པ་རབ་བྱུང་དྲུག་པའི་མེ་ཡོས(༡༣༢༧)ལོར་སྐུ་གཤེགས། ལོ་རྒྱུས་རྣམ་ཐར་ཞིབ་ཕྲའི་དཔྱད་གཞི་མ་རྙེད། མདོར་བསྡུས་ཙམ་མཁན་ཆེན་ངག་དབང་བློ་གྲོས་གྲགས་པས་མཛད་པའི<<ཇོ་ནང་ཆོས་འབྱུང>>ལྕགས་དཔར་མའི་ཤོག་གྲངས༢༣གསལ་བ་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
འདི་ཇོ་ནང་པའི་ཆོས་བརྒྱུད་འཛིན་པ་བྱང་ཆུབ་སེམས་རྒྱལ་བ་ཡེ་ཤེས་ཀྱི་སློབ་མ་དེ་ཡིན (ཡང་བླ་མ་འདི་དང་མཚན་མཐུན་པ་ཐོན་པ་མཁས་བཙུན་རྒྱ་མཚོ་ཞུ་བ་ནི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་མཁན་རབས་དགུ་པ་དེ་ཡིན) དམ་པ་འདི་ནི་ཡུལ་མདོག་གི་སྤེན་པར་རབ་བྱུང་བཞི་པའི་ལྕགས་སྤྲེལ (༡༢༦༠) ལོར་འཁྲུངས། དགུང་ལོ་རེ་བརྒྱད་པ་རབ་བྱུང་དྲུག་པའི་མེ་ཡོས (༡༣༢༧) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཞི་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1260 ལོར་ཡུལ་མདོག་གི་སྤེན་པར་སྐུ་འཁྲུངས། རབ་བྱུང་དྲུག་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ 1327 ལོར་སྐུ་གཤེགས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ས་སྐྱར་འཇམ་དབྱངས་པ་ལ་སོགས་པའི་མཁས་པ་མང་པོར་བསྟེན་ནས་སྡེ་སྣོད་ལ་ལེགས་པར་སྦྱངས་མཛད། འཇམ་དབྱངས་པའི་ཕྱག་ཕྱིར་གོང་དུ་ཡང་བྱོན། འཇམ་དབྱངས་པ་ལ་ཞུ་བ་མཛད་ནས་ཕྱིས་དབུས་གཙང་དུ་མྱུར་བར་ཕེབས། དེ་ནས་ཇོ་མོ་ནང་དུ་བྱོན་ཏེ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་བྱང་སེམས་རྒྱལ་བ་ཡེ་ཤེས་གཉིས་ཀའི་ཞབས་ལ་གཏུགས་ཤིང་དབང་རྒྱུད་ཁྲིད་དང་བཅས་པ་ལེགས་པར་ཞུས། ཐུགས་དམ་ཡང་ཤིན་ཏུ་མཐོན་པོར་གྱུར་ནས་འགྲོ་བ་མཐའ་དག་གིས་མཆོད་པའི་གནས་སུ་གྱུར། དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་ལྔ་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1320 ལོར་ཇོ་ནང་གི་གདན་སར་ཕེབས་ཏེ་ལོ་ངོ་བདུན་གྱི་རིང་དུ་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་དར་བར་མཛད། དེ་ནས་ཇོ་ནང་གི་གདན་ས་ཁོང་གི་མཆོག་ཏུ་གྱུར་བའི་སློབ་མ་ཀུན་[233]མཁྱེན་ཤེས་རབ་རྒྱལ་མཚན་ལ་གཏད་དེ་དགུང་ལོ་དྲུག་ཅུ་རྩ་བརྒྱད་པར་དགོངས་པ་ཆོས་དབྱིངས་སུ་འཐིམས་སོ། ཁོང་ནི་ཇོ་ནང་དགོན་པའི་གདན་རབས་གསུམ་པ་ཡིན།
- language:
- Tibetan