- gu ge rgyal po
- ID:
- T226399
- གུ་གེ་རྒྱལ་པོ (Tibetan, Tibetan script, Original)
- > gu ge rgyal po (Tibetan, Latin script, Transliteration-THL Extended Wylie Transliteration)
- > gu gé gyalpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
མངའ་རིས་གུ་གེའི་ཁུལ་དུ་སྲིད་དབང་བཟུང་བའི་རྒྱལ་པོ་ཞིག་སྟེ། བོད་ས་གནས་སུ་རྒྱལ་པོ་གླང་དར་མས་ལྕགས་བྱ(༨༤༡)ལོར་ནང་བསྟན་བསྣུབས་པའི་རྗེས་ནས། དེའི་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་ལོ་མང་རིང་སྲིད་དབང་ཕྲོགས་རེས་ཀྱི་དམག་འཁྲུག་བྱས་ཤིང༌། དེ་ནས་ས་གླང(༨༦༩)ལོར་བོད་ས་གནས་ཡོངས་སུ་གཞི་རྒྱ་ཆེ་བའི་འབངས་གྱེན་ལོག་བྱུང་མཐར་མངའ་བདག་དཔལ་འཁོར་བཙན་རང་ལོ་སོ་གཅིག་པ་ཤིང་ཡོས་(༨༩༥)ལོར་འབངས་གྱེན་ལོག་གིས་རྒྱལ་རྩེར་བཀྲོངས། སྲས་ཆེ་བ་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་དང་སྲས་ཆུང་བ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྟོད་དུ་བྲོས། སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་སྐོར་གསུམ་དུ་དབང་བསྒྱུར། དེ་ལ་སྲས་གསུམ(༡་དཔལ་གྱི་མགོན། ༢་བཀྲ་ཤིས་མགོན། ༣་ལྡེ་གཙུག་མགོན)བྱུང༌། རྒྱལ་པོས་སྲས་གསུམ་སོ་སོར་རང་རང་གི་སྲིད་འཛིན་མངའ་ཁོངས་གསུམ་དུ་བགོས་ནས་གནང་བས་ཡོངས་གྲགས་སུ་མངའ་རིས་སྐོར་གསུམ་ཟེར། དེ་ཡང་སྲས་ཆེ་བ་དཔལ་གྱི་མགོན་ལ་མར་ཡུལ་ལ་དྭགས་གནང་སྟེ་སྲིད་དབང་བཟུང་བས་ལ་དྭགས་ཀྱི་རྒྱལ་བརྒྱུད་བྱུང༌། འབྲིང་པོ་བཀྲ་ཤིས་མགོན་ལ་གུ་གེ་སྟེ་ཞང་ཞུང་གནང་བས་དེ་ནས་གུ་གེའི་རྒྱལ་བརྒྱུད་བྱུང༌། ཆུང་བ་ལྡེ་གཙུག་མགོན་ལ་མང་ཡུལ་གུང་ཐང་གནང་བས་དེ་ནས་གུང་ཐང་རྒྱལ་བརྒྱུད་བྱུང་བ་ཡིན། རྒྱལ་བརྒྱུད་དང་པོ་དང༌། གསུམ་པ་གཤམ་གསལ་མིང་ཚིག་སོ་སོའི་ཐད་དུ་བཀོད་ཡོད་ཅིང༌། སྐབས་འདིར་གུ་གེའི་རྒྱལ་རབས་ཀྱི་བརྒྱུད་པ་མདོར་བསྡུས་སུ་བཀོད་ན། རྒྱལ་པོ་ཉི་མ་མགོན་གྱི་སྲས་འབྲིང་པོ་བཀྲ་ཤིས་མགོན་ནི་གུ་གེའམ་ཞང་ཞུང་གི་རྒྱལ་རབས་རྗེས་མའི་རྒྱལ་པོ་དང་པོ་དེ་ཡིན་ཅིང༌། རྒྱལ་པོ་དེ་ལ་སྲས་ཆེ་བ་སྲོང་ངེའམ་མཚན་གཞན་དྲང་སྲོང་ལྡེར་གྲགས་པ་དང༌། ཆུང་བ་འཁོར་རེའམ་མཚན་གཞན་འཁོར་ལོ་ལྡེར་འབོད་པ་གཉིས་བྱུང༌། སྲས་ཆེ་བ་སྲོང་ངེས་རབ་བྱུང་མ་གནང་གོང་ལ་སྲིད་དབང་བཟུང་ཞིང་རབ་ཏུ་བྱུང་རྗེས་ལྷ་བླ་མ(རྒྱལ་རིགས་ལས་བྱུང་བའི་རབ་བྱུང་ཞེས་པའི་དོན་ཡིན་པ་ལས་གནམ་གྱི་ལྷའི་གོ་དོན་མིན)ཡེ་ཤེས་འོད་ཞུ་བ་དེ་ཡིན། ཁོང་ནི་རབ་བྱུང་གོང་གི་ལོ་རབས་དང་པོའི་ས་ལུག(༩༥༩)ལོར་འཁྲུངས་ནས་དགུང་ལོ་དོན་བརྒྱད་པ་རབ་བྱུང་དང་པོའི་མེ་བྱི(༡༠༣༦)ལོར་སྐུ་གཤེགས་པར་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་གཟིགས་མྱོང་བའི<<གུང་ཐང་རྒྱལ་རབས>>རྙིང་པ་ཞིག་ནང་འཁོད་ཅེས་གསུངས། སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་བྲོས་པའི་ཤིང་ཡོས(༨༩༥)ལོ་ནས་ལྷ་བླ་མ་ཡེ་ཤེས་འོད་འཁྲུངས་པའི་ལོ་རབ་བྱུང་གོང་གི་ལོ་རབས་དང་པོའི་ས་ལུག(༩༥༩)ལོ་བར་ལོ་དྲུག་ཅུ་རེ་བཞི་ཡོད་པ་དེའི་རིང་ལྷ་བླ་མའི་མེས་པོ་སྐྱིད་ལྡེ་ཉི་མ་མགོན་དང༌། ཡབ་བཀྲ་ཤིས་མགོན་གཉིས་ཀྱིས་སྲིད་དབང་བཟུང་བར་སྣང༌། གུ་གེའི་རྒྱལ་རབས་གཉིས་པ་ལྷ་བླ་མ་ཡེ་ཤེས་འོད་ལ་སྲས་གཉིས(༡་ཁྲི་ལྡེ་མགོན་བཙན། རབ་ཏུ་བྱུང་བའི་མཚན་དེ་བ་རཱ་ཛ། ༢་ལྷ་འཁོར་བཙན། རབ་ཏུ་བྱུང་བའི་མཚན་ནཱ་ག་རཱ་ཛ)དང༌། སྲས་མོ་ལྷ་ཡི་མེ་ཏོག་བཅས་གསུམ་བྱུང་ཡང༌། ལྷ་བླ་མས་དགུང་ལོ་མཐོན་པོར་མ་ཕེབས་བར་དུ་སྲིད་དབང་བཟུང་ནས་དེ་རྗེས་སྲས་གཉིས་དང་སྲས་མོ་བཅས་ཡབ་སྲས་བཞི་ཀ་དུས་གཅིག་ཏུ་རབ་བྱུང་མཛད། སྲོང་ངེས་དགུང་ལོ་སུམ་ཅུ་པ་མེ་སྤྲེལ(༩༩༦)ལོར་མཐོ་ལྡིང་གཙུག་ལག་ཁང་བཞེངས་ཞེས་ཟེར་བ་དགུང་རྙིང་ཤིང་གླང(༩༦༥)ལོར་འཁྲུངས་པ་ནས་རྩིས་པ་ཡིན། ཕྱིས་ཡབ་མེས་ཀྱི་ཡིག་ཚང་གཟིགས་པས་ཐུགས་སྐྱོ་སྟེ། རྒྱལ་སྲིད་གཅུང་འཁོར་རེ་ལ་གཏད་ནས་དགུང་ལོ་ལྔ་བཅུ་ང་གཉིས་པ་མེ་འབྲུག(༡༠༡༦)ལོར་ཡབ་སྲས་གསུམ(ཡབ་དང་སྲས་གཉིས་སྲས་མོ་གཅིག་བཅས་བཞི་ཡོད)ཀ་རང་རྟགས་རང་གིས་བླངས་ཏེ་དཀོན་དྲུང་དུ་སྐྲ་ཕུད་ཕུལ་ནས་རབ་ཏུ་བྱུང་ཞེས་ལོ་རྒྱུས་ཡིག་ལམ་འགའ་ཞིག་ཏུ་གསལ་བ་ནི་མ་དག་རྒྱུན་འབྱམས་ཡིན་ཏེ། དེ་ལྟར་མིན་པ་ནི་རབ་བྱུང་གི་མཁན་པོ་ཡེ་ཤེས་བཟང་པོ་ཡིན་པ་དང༌། སྐབས་དེར་རབ་བྱུང་གི་མིང་གསར་པ་གནང་སྐབས་མཁན་པོའི་མཚན་ཟུར་གྱི་ཡེ་ཤེས་དེ་ལས་དྲས་ཏེ་ཡེ་ཤེས་འོད་ཅེས་བཏགས་པ་ཡིན་ཚུལ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་གསུངས་པ་ལྟར་ཡིན་ལ། ལོ་འདི་ནི་སྟོད་མངའ་རིས་སུ་བསྟན་པ་ཕྱི་དར་འཕེལ་རྒྱས་ཀྱི་ལོའི་ཐོག་མ་ཡིན་པར་རིགས་པས་སྒྲུབ་པ་ལགས། གུ་གེའི་རྒྱལ་རབས་གསུམ་པ་གཅུང་པོ་འཁོར་རེ་ལ་སྲས་གསུམ(༡་བཙན་སྲོང་ཅོག་རེ། ༢་ཚ་ལ་ལྡེ། ༣་ལྷ་ལྡེ་བཀྲ་ཤིས་བཙན་བཅས)བྱུང་བའི་སྲས་གསུམ་པ་ལྷ་ལྡེ་བཙན་གྱིས་སྲིད་དབང་བཟུང༌། གུ་གེའི་རྒྱལ་རབས་བཞི་པ་མངའ་བདག་ལྷ་ལྡེ་དེ་ལ་སྲས་གསུམ(༡་འོད་ལྡེ་བཙན། ༢་བཀྲ་ཤིས་འོད། རབ་ཏུ་བྱུང་བའི་མཚན་བྱང་ཆུབ་འོད། ༣ཡོང་སྲོང་ལྡེ། རབ་ཏུ་བྱུང་བའི་མཚན་ཞི་བ་འོད་བཅས)བྱུང་བའི་ཆེ་བ་འོད་ལྡེ་བཙན་གྱིས་སྲིད་དབང་བཟུང༌། (གུ་གེའི་རྒྱལ་རབས་བཞི་པ)སྲས་གཞན་གཉིས་རབ་ཏུ་བྱུང༌། མངའ་བདག་ལྷ་ལྡེ་བཀྲ་ཤིས་བཙན་ལ་སྲས་གསུམ(༡་བློག་ཚ་བཙན་སྲོང༌། ༢་ཕྱེ་ཚ་རྩེ་ལྡེ། ༣་ལྷོ་ཚ་གྲགས་བཙན་ལྡེ)བྱུང་བའི་འབྲིང་བ་རྩེ་ལྡེས་སྲིད་བཟུང༌། གུ་གེའི་རྒྱལ་རབས་ལྔ་པ་མངའ་བདག་རྩེ་ལྡེ་ལ་སྲས་བཞི(༡སེང་གྲགས། ༢་ཙ་མེ་བླི་ཊ། ༣་ཟངས་ཁ་ཚ་ཁྲི་བཀྲ་ཤིས་འབར་ལྡེ་བཙན། ༤ཆོ་ཆེན་ཚ་བསོད་ནམས་རྩེ་བཅས)བྱུང་བའི་གསུམ་པ་ཁྲི་བཀྲ་ཤིས་འབར་ལྡེ་བཙན་གྱིས་སྲིད་བཟུང༌། གུ་གེའི་རྒྱལ་རབས་དྲུག་པ་ཁྲི་བཀྲ་ཤིས་འབར་ལྡེ་བཙན་ལ་སྲས་གསུམ(༡་བཀྲ་ཤིས་རྩེ། ༢ཇོ་བོ་རྒྱལ་པོ། ༣་འོད་འབར་རྩེ)བྱུང་བའི་དང་པོ་གར་ལོག་གིས་བཀྲོངས། གསུམ་པ་གར་ལོག་གིས་བཙོན་དུ་བཟུང་ནས་འདས། གཉིས་པ་ཇོ་བོ་རྒྱལ་པོས་སྲིད་བཟུང༌། གུ་གེའི་རྒྱལ་རབས་བདུན་པ་དང་པོ་བཀྲ་ཤིས་རྩེ་ལ་སྲས་ལྔ(༡་ཨ་ཀ་རཱ་ཛ༢་ཙསྦྲ་བོ་རྙི། ༣་ཨ་མི་སོག་ཙ། ༤ཕྱོགས་ཙ། ༥་རྩེ་འབར་བཙན་བཅས)བྱུང་བའི་ལྔ་པ་རྩེ་འབར་བཙན་གྱིས་སྲིད་བཟུང༌། གུ་གེའི་རྒྱལ་རབས་བརྒྱད་པ་ཇོ་བོ་རྒྱལ་པོ་ལ་སྲས་གཅུང་ལྡེ། དེའི་སྲས་ཞོང་ལྡེ། དེའི་སྲས་ཇོ་བླ་མ་བཅས་རིམ་པ་བྱུང་ཡང་སྲིད་མ་བཟུང༌། འོད་འབར་རྩེའི་སྲས་ཨེ་ལོ་མིས་སྲིད་བཟུང༌། གུ་གེའི་རྒྱལ་རབས་དགུ་པ་རྩེ་འབར་བཙན་ལ་སྲས་བཞི(༡་སྐྱིད་ལྡེ་བཙན། ༢‘རྩེ་ལྡན་ངལ། ༣་དཔལ་འོད་བཙན། ༤འདུལ་སྲིད་འདུལ་བཙན)བཅས་བྱུང་བའི་དང་པོ་སྐྱིད་ལྡེ་བཙན་གྱིས་སྲིད་བཟུང༌། གུ་གེའི་རྒྱལ་རབས་བཅུ་པ་སྐྱིད་ལྡེ་བཙན་ལ་སྲས་གཉིས(༡་ཉི་ལྡེ་བཙན། ༢རྣམ་ལྡེ་བཙན)བཅས་བྱུང་བའི་དང་པོ་ཉི་ལྡེ་བཙན་གྱིས་སྲིད་བཟུང༌། གུ་གེའི་རྒྱལ་རབས་བཅུ་གཅིག་པ་ཉི་ལྡེ་བཙན་ལ་སྲས་གསུམ(༡་གུང་ལྡེ་བཙན། ༢་ཉི་མ་ལྡེ། ༣་ལྷ་བཙན་ལྡེ)བཅས་བྱུང་བའི་དང་པོ་ཉི་མ་ལྡེས་སྲིད་བཟུང༌། གུ་གེའི་རྒྱལ་རབས་བཅུ་གཉིས་པ་ཉི་མ་ལྡེ་ལ་སྲས་གསུམ(༡་དགེ་འབུམ། ༢བྱམས་པ། ༣་སེམས་དཔའ)བཅས་བྱུང་བའི་དང་པོ་དགེ་འབུམ་གྱིས་སྲིད་བཟུང༌། གུ་གེའི་རྒྱལ་རབས་བཅུ་གསུམ་པ་དགེ་འབུམ་ལ་སྲས་གསུམ(༡་སྐྱིད་རྡོར། ༢ལ་ག ༣་ཐོས་པ)བཅས་བྱུང་བའི་གཉིས་པ་ལ་གས་སྲིད་བཟུང༌། གུ་གེ་རྒྱལ་རབས་བཅུ་བཞི་པ་ལ་གའི་སྲས་ཆོས་རྒྱལ་གྲགས་པ་ལས་མེད་པ་དེས་སྲིད་བཟུང༌། གུ་གེ་རྒྱལ་རབས་བཅོ་ལྔ་པ་ཆོས་རྒྱལ་གྲགས་པ་ལ་ཡང་སྲས་ལྷ་ཆེན་གྲགས་པ་ལྡེ་ལས་མ་བྱུང་བ་དེས་སྲིད་བཟུང༌། གུ་གེ་རྒྱལ་རབས་བཅུ་དྲུག་པ་ལྷ་ཆེན་གྲགས་པ་ལྡེ་ལ་སྲས་གཉིས(༡ཁྲི་རྣམ་རྒྱལ་ལྡེ། ༢་དཔལ་འབར་ལྡེ)བྱུང་བའི་དང་པོ་ཁྲི་རྣམ་རྒྱལ་ལྡེས་སྲིད་བཟུང༌། གུ་གེ་རྒྱལ་རབས་བཅུ་བདུན་པ་ཁྲི་རྣམ་རྒྱལ་ལྡེ་ལ་སྲས་ནམ་མཁའི་དབང་པོ་ཡུན་ཚོགས་ལྡེ་ལས་མ་བྱུང་བ་དེས་སྲིད་བཟུང༌། གུ་གེ་རྒྱལ་རབས་བཅོ་བརྒྱད་པ་ཁྲི་ནམ་མཁའི་དབང་པོ་ཕུན་ཚོགས་ལྡེ་ལ་ཡང་སྲས་རྣམ་རི་སངས་རྒྱས་ལྡེ་ལས་མ་བྱུང་བ་དེས་སྲིད་བཟུང༌། གུ་གེ་རྒྱལ་རབས་བཅུ་དགུ་པ་ཁྲི་རྣམ་རི་སངས་རྒྱས་ལྡེ་ལ་ཡང་སྲས་བློ་བཟང་རབ་བརྟན་ལས་མ་བྱུང་བ་དེས་སྲིད་བཟུང༌། གུ་གེ་རྒྱལ་རབས་ཉི་ཤུ་པ་རྒྱལ་པོ་འདི་རྗེ་ཙོང་ཁ་པའི་སློབ་མ་གུ་གེ་མཁན་ཆེན་ངག་དབང་གྲགས་པ་དང་དུས་མཉམ་ཞིང༌། མཁན་ཆེན་དེས<<གུ་གེ་རྒྱལ་རབས་ཆོས་འབྱུང>>མཛད་ཅིང་དེའི་ནང་གུ་གེའི་རྒྱལ་རབས་ཉི་ཤུ་པའི་བར་དུ་གསལ་བ་རྣམས་འདིར་གནད་བསྡུས་བྱས་ཏེ་དྲངས་པ་ལགས། རྒྱལ་པོ་བློ་བཟང་རབ་བརྟན་མན་ཆད་ཀྱི་གདུང་རབས་ཁ་ཤས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི<<བེ་སེར>>ནང་གསལ།
- language:
- Tibetan
2. Thupten Phuntsok Dictionary
མངའ་རིས་གུ་གེའི་ཁུལ་དུ་སྲིད་དབང་བཟུང་བའི་རྒྱལ་པོ་ཞིག་སྟེ། གུ་གེ་རྒྱལ་རབས།
- language:
- Tibetan