Skip to main content Skip to search
gu ge yongs 'dzin blo bzang bstan 'dzin
ID:
T226402
  • གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན (Tibetan, Tibetan script, Original)
    • > gu ge yongs 'dzin blo bzang bstan 'dzin (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gu gé yongdzin lo zang tendzin (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(བཀྲ་ཤིས་ལྷུན་པོའི་གུ་གེ་ཁང་ཚན་དུ་ཞུགས་ཤིང་པཎ་ཆེན་རིན་པོ་ཆེའི་ཡོངས་འཛིན་མཛད)གཙང་ཁུལ་དགེ་རྒྱས་བྱེ་མ་གླིང་གི་ཉེ་འདབས་རྒྱ་མ་མཁར་གྱི་གཡུལ་རྒྱལ་བརྟན་གྲོང་དུ་ཡབ་ཚེ་རིང་དཔལ་འབྱོར་དང་ཡུམ་འཛོམས་མཆོག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་འབྲུག(༡༧༤༨)ལོར་འཁྲུངས། ཡབ་ཡུམ་གཉིས་ཀྱིས་མཚན་ལ་བཀྲ་ཤིས་དོན་གྲུབ་ཅེས་གསོལ། དགུང་ལོ་དགུ་པ་མེ་བྱི་ལོར་དཀྱིལ་ཁང་མཁན་ཆེན་བློ་བཟང་བརྩོན་འགྲུས་ཀྱི་དྲུང་དུ་རབ་བྱུང་ཞུས་པའི་མཚན་ལ་བློ་བཟང་བསྟན་འཛིན་ཞེས་གསོལ། དེ་ནས་རེ་ཞིག་བར་དབེན་དགོན་དུ་བཞུགས་ཏེ་ཆོས་སྤྱོད་ཐུགས་འཛེན་དང༌། ཡི་གེ་འབྲི་ཀློག་ལ་བྱང་ཆུབ་པར་མཛད། དགུང་ལོ་བཅུ་པ་མེ་གླང(༡༧༥༧)ལོར་དབེན་དགོན་སློབ་ཟུར་ཡེ་ཤེས་རྒྱལ་མཚན་གྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་ཞུས། དེའི་ཕྱི་ལོར་བཀྲ་ཤིས་ལྷུན་པོར་སྒྲིགས་ཞུགས་གནང་སྟེ་རབ་འབྱམས་པ་ཡེ་ཤེས་ཚུལ་ཁྲིམས་དང༌། མཁན་ཆེན་བློ་བཟང་བརྩོན་འགྲུས་སོགས་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་པོ་ལྔར་སློབ་གཉེར་མཐར་ཕྱིན་པ་མཛད་དེ་དཀའ་ཆེན་གྱི་མཚན་གནས་བཞེས། དེ་ནས་སྒྲ་རིག་པ་དང་སྡེབ་སྦྱོར་སོགས་རིག་གནས་ཁག་ལ་སྦྱངས་པ་མཛད། དགུང་ལོ་ཉེར་བརྒྱད་པ་ཤིང་ལུག(༡༧༧༥)ལོར་པཎ་ཆེན་རིན་པོ་ཆེ་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ནས་ཡུན་རིང་མ་སོང་བར་ཚོགས་ཆེན་དགེ་བསྐོས་ཀྱང་གནང༌། དེ་ནས་རྒྱུད་པ་གྲྭ་ཚང་དུ་སྒྲིགས་ཞུགས་ཐོག་རྒྱུད་ཀྱི་འཆད་ཉན་དང༌། དབང་ལུང་ཁྲིད་གསུམ། ཕྱག་བཞེས་སོགས་ལ་སྦྱངས་པ་དང་གསན་བསམ་མཐིལ་ཕྱིན་པ་མཛད་ཅིང་ཞོར་ལ་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་ཞིག་གསན་བསམ་ཉམས་བཞེས་ཟུང་འབྲེལ་དུ་བསྐྱངས། གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང༌། འོན་རྒྱལ་སྲས་རིན་པོ་ཆེ། བྲག་རི་རྒྱ་མཚོ་མཐའ་ཡས། འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོ་བཅས་ཀྱི་དྲུང་ནས་ཀྱང་མདོ་སྔགས་ཀྱི་ཆོས་རྒྱུན་ཧ་ཅང་མང་བ་ཞིག་གསན། དེ་ནས་ལོ་བཅུ་བཞིའི་རིང་དབེན་པའི་གནས་སུ་ཐུགས་མས་བཞེས་གཙོར་འདོན་མཛད་ཅིང་བཞུགས། དགུང་ལོ་ཞེ་ལྔ་པ་ཆུ་བྱི(༡༧༩༢)ལོར་དཀྱིལ་ཁང་གྲྭ་ཚང་གི་མཁན་པོའི་ཁྲིར་ཕེབས།དགུང་ལོ་ཞེ་བརྒྱད་པ་ཤིང་ཡོས(༡༧༩༥)ལོར་རྒྱུད་པ་གྲྭ་ཚང་གི་སྔགས་ཆེན་གྱི་ཁྲིར་ཕེབས་ནས་སྔར་སྲོལ་འཆད་ཉན་དང༌། ཕྱག་བཞེས་ཉམས་མེད་གོང་འཕེལ་མཛད། དེའི་ཕྱི་ལོ་མེ་འབྲུག་ལོར་པཎ་ཆེན་རིན་པོ་ཆེ་བསྟན་པའི་ཉི་མའི་ཡོངས་འཛིན་དུ་ཕེབས་ཏེ་དབང་ལུང་ཁྲིད་སོགས་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་ཞིག་འབུལ་གནང་མཛད། གསུང་རྩོམ་སྐོར་གསང་བདེ་འཇིགས་གསུམ་སོགས་ཀྱི་ཁྲིད་དང་ཕྱག་རྒྱ་ཆེན་པོ་རྩ་འགྲེལ་གྱི་རྣམ་བཤད་སོགས་ཕྱོགས་གཅིག་ཏུ་བསྒྲིགས་པ་པོད་ཆེན་ལྔ་དཔར་མ་ཡོད། དགུང་ལོ་རེ་དྲུག་པ་རབ་བྱུང་བཅུ་བཞི་པའི་ཆུ་བྱ(༡༨༡༣)ལོར་སྐུ་གཤེགས། རྣམ་ཐར་ལོ་རྒྱུས་ཟུར་དུ་འཁོད་པ་ད་ཕན་མ་མཇལ་ལགས།

language:
Tibetan

2. Thupten Phuntsok Dictionary

(བཀྲ་ཤིས་ལྷུན་པོའི་གུ་གེ་ཁང་ཚན་དུ་བཞུགས་ཤིང་པཎ་ཆེན་རིན་པོ་ཆེའི་ཡོངས་འཛིན་མཛད) གཙང་ཁུལ་དགེ་རྒྱས་བྱེ་མ་གླིང་གི་ཉེ་འདབས་རྒྱ་མ་མཁར་གྱི་གཡུལ་རྒྱལ་བརྟན་གྲོང་དུ་ཡབ་ཚེ་རིང་དཔལ་འབྱོར་དང་ཡུམ་འཛོམས་མཆོག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་འབྲུག (༡༧༤༨) ལོར་འཁྲུངས། ཡབ་ཡུམ་གཉིས་ཀྱིས་མཉན་ལ་བཀྲ་ཤིས་དོན་གྲུབ་ཅེས་གསོལ། དགུང་ལོ་དགུ་པ་མེ་བྱི་ལོར་དཀྱིལ་ཁང་མཁན་ཆེན་བློ་བཟང་བརྩོན་འགྲུས་ཀྱི་དྲུང་དུ་རབ་བྱུང་ཞུས་པའི་མཚན་ལ་བློ་བཟང་བསྟན་འཛིན་ཞེས་གསོལ། དགུང་ལོ་རེ་དྲུག་པ་རབ་བྱུང་བཅུ་བཞི་པའི་ཆུ་བྱ (༡༨༡༢) ལོར་སྐུ་གཤེགས།

language:
Tibetan