Skip to main content Skip to search
gung thang dkon mchog bstan pa'i rgya mtsho
ID:
T226430
  • གུང་ཐང་དཀོན་མཆོག་བསྟན་པའི་རྒྱ་མཚོ (Tibetan, Tibetan script, Original)
    • > gung thang dkon mchog bstan pa'i rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gungtang könchok tenpé gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

(གུང་ཐང་ཚང་སྐུ་ཕྲེང་བཞི་པ)བླ་བྲང་དགོན་དང་ཐག་ཉེ་བའི་ཙ་ཡུས་གྲོང་དུ་རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་(༡༨༢༤)ལོར་སྐུ་འཁྲུངས། དགུང་ལོ་དྲུག་པ་ས་གླང་(༡༨༢༩)ལོར་འཇམ་དབྱངས་བཞད་པ་འཇིགས་མེད་རྒྱ་མཚོ་མཆོག་ནས་བརྟག་སྒྲིལ་མཛད་དེ་དམ་པ་འདི་གུང་ཐང་རིན་པོ་ཆེའི་ཡང་སྤྲུལ་འཁྲུལ་མེད་དུ་ཐག་བཅད་ནས་བཀྲ་ཤིས་འཁྱིལ་གྱི་གུང་ཐང་བླ་བྲང་དུ་ཁྲི་ཐོག་མངའ་གསོལ་ཞུས། དེའི་ཕྱི་ལོར་འཇམ་དབྱངས་བཞད་པ་རིན་པོ་ཆེ་འཇིགས་མེད་རྒྱ་མཚོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། སྐུ་ཕྲེང་གོང་མའི་དྲུང་ཡིག་དཀོན་མཆོག་ཀུན་དགའི་དྲུང་ནས་ཡི་གེ་འབྲི་ཀློག་སྦྱངས་པར་མཛད། ཧོར་ཚང་རྡོ་རམས་པ་ངག་དབང་རབ་བརྟན་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭའི་རིགས་ལུང་གསན་བཞེས་གནང༌། དགུང་ལོ་བཅུ་གཉིས་པ་ཤིང་ལུག་(༡༨༣༥)ལོར་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་ལོ་བདུན་རིང་ཕར་ཕྱིན་གྱི་གཞུང་ལ་སྦྱངས་པ་མཛད། དགུང་ལོ་བཅོ་བརྒྱད་པ་ལྕགས་གླང(༡༨༤༡)ལོར་བོད་དབུས་གཙང་དུ་ཕེབས་ནས་ལོ་བཞི་ལྷག་ཙམ་བཞུགས་རིང་གཙོ་བོར་གཞུང་ཆེན་པོའི་རིགས་ལམ་གསན་བཞེས་དང་བར་གསེང་དང་བསྟུན་དབུས་གཙང་གཉིས་ཀྱི་གནས་མཇལ་ལ་ཕེབས། དགུང་ལོ་ཉེར་གཉིས་པ་ཤིང་སྦྲུལ་(༡༨༤༥)ལོར་ཧོར་ཚང་རིན་པོ་ཆེ་དང་ལྷན་དུ་མདོ་སྨད་ཕྱོགས་སུ་ཕྱིར་ཕེབས་མཛད། དེ་ནས་དགུང་ལོ་སོ་གཅིག་པ་ཤིང་སྟག(༡༨༥༤)ལོ་བར་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་འཆད་སྤེལ་དང༌། ཞོར་ལ་རིག་གནས་སྐོར་གསན་བཞེས་མཛད། དགུང་ལོ་སོ་གཉིས་པ་ཤིང་ཡོས(༡༨༥༥)ལོར་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་ཕེབས་ཏེ་ལོ་ལྔའི་རིང༌། སྔར་སྲོལ་དང་འཕར་མའི་ཆོས་འཆད་ཉན་དང༌། སྒྲིགས་ལམ་དང་སློབ་གཉེར་གྱི་རྟིང་སྐུལ། བསླབ་བྱ། རྒྱུགས་ལེན། བྱ་དགའ་ཆད་གཅོད་སོགས་གང་ལ་གང་འོས་ཀྱི་བཀོད་འདོམས་ནན་ཏན་བསྩལ། ཞར་ལ་དད་ལྡན་སློབ་མ་མང་པོར་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་བསྩལ་བས་སློབ་མ་གྲགས་ཅན་ཡང་མི་ཉུང་བ་བྱུང༌། གསུང་རྩོམ་སྐོར<<མངོན་རྟོགས་རྒྱན་དང་འགྲེལ་པའི་ས་བཅད>><<དབུ་མ་འཇུག་པའི་ས་བཅད>>སོགས་ཕྱོགས་བསྒྲིགས་པོད་གཅིག་ཙམ་ཡོད། དགུང་ལོ་སོ་དྲུག་པ་རབ་བྱུང་བཅུ་བཞི་པའི་ས་ལུག(༡༨༥༩)ལོར་ཚོགས་ཆེན་ཁྲིའི་དགོངས་ཞུ་མཛད་ཅིང་དེ་ནས་མི་རིང་བར་སྐུ་གཤེགས། ལོ་རྒྱུས་སྐོར་ཟུར་དུ་འཁོད་པ་ད་ཕན་མ་མཇལ་ཞིང༌། འདི་ལས་ཅུང་ཟད་རྒྱས་པ་ཞིག<<ཟླ་ཟེར>>༡༩༨༩ལོའི་དུས་དེབ་དང་པོའི་ནང་འཁོད་འདུག་པ་དེར་གཟིགས།

language:
Tibetan

2. Thupten Phuntsok Dictionary

(གུང་ཐང་ཚང་སྐུ་ཕྲེང་བཞི་པ) བླ་བྲང་དགོན་དང་ཐག་ཉེ་བའི་ཙ་ཡུས་གྲོང་དུ་རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ (༡༨༢༤) ལོར་སྐུ་འཁྲུངས། དགུང་ལོ་དྲུག་པ་ས་གླང (༡༨༢༩) ལོར་འཇམ་དབྱངས་བཞད་པ་འཇིགས་མེད་རྒྱ་མཚོ་མཆོག་ནས་བརྟག་སྒྲིལ་མཛད་དེ་དམ་པ་འདི་གུང་ཐང་རིན་པོ་ཆེའི་ཡང་སྤྲུལ་འཁྲུལ་མེད་དུ་ཐག་བཅད་ནས་བཀྲ་ཤིས་འཁྱིལ་གྱི་གུང་ཐང་བླ་བྲང་དུ་ཁྲི་ཐོག་མངའ་གསོལ་ཞུས། དེའི་ཕྱི་ལོར་འཇམ་དབྱངས་བཞད་པ་རིན་པོ་ཆེ་འཇིགས་མེད་རྒྱ་མཚོའི་དྲུང་ནས་ཡི་གེ་འབྲི་ཀློག་སྦྱངས་པར་མཛད། ཧོར་ཚང་རྡོ་རམས་པ་ངག་དབང་རབ་བརྟན་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭའི་རིག་ལམ་གསན་བཞེས་གནང་། དགུང་ལོ་བཅུ་གཉིས་པ་ཤིང་ལུག (༡༨༣༥) ལོར་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་ལོ་བདུན་རིང་ཕར་ཕྱིན་གྱི་གཞུང་ལ་སྦྱངས་པ་མཛད། དགུང་ལོ་སོ་དྲུག་པ་རབ་བྱུང་བཅུ་བཞི་པའི་ས་ལུག (༡༨༥༩) ལོར་ཚོགས་ཆེན་ཁྲིའི་དགོངས་པ་ཞུས་ཅིང་དེ་ནས་མི་རིང་བར་སྐུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་བཞི་པའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1824 ལོར་ད་ལྟའི་ཀན་ལྷོའི་ཞཱ་ཧྭོ་རྫོང་གི་ཙ་ཡུལ་དུ་གདུང་རུས་ལྡོང་གི་རྒྱུད་དུ་སྐུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་མོ་ལུག་ལོ་སྟེ་སྤྱི་ལོ 1859 ལོར་སྐུ་གཤེགས། དགུང་ལོ་དྲུག་པར་ཀུན་མཁྱེན་འཇིགས་མེད་རྒྱ་མཚོས་བརྟག་བསྒྲིལ་མཛད་དེ་གུང་ཐང་སྐུ་ཕྲེང་གསུམ་པའི་ཡང་སྤྲུལ་དུ་ཐུགས་ཐག་བཅད་པས་གུང་ཐང་སྐུ་ཕྲེང་བཞི་བ་ཡིན། དགུང་ལོ་བདུན་པར་ཀུན་གཟིགས་མཆོག་གི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས། དྲུང་ཡིག་དཀོན་མཆོག་ལས་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་བཅོ་བརྒྱད་པར་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཏེ་རྟ་ཚག་ཡོངས་འཛིན་འདུལ་བ་མཁན་པོ་བློ་གྲོས་བསྟེན་ནས་དཔེ་ཁྲིད་ཞུས། དགུང་ལོ་ཉི་ཤུ་བར་གཙང་དུ་ཕེབས་ཏེ་པཎ་ཆེན་བསྟན་པའི་ཉི་མ་མཆོག་ལས་བསྙེན་པར་རྫོགས། དངུལ་སྲང་བརྒྱ་དང་རྟ་མཛོ་ལྔ་བཅུ་ཕུལ། དེ་ནས་སྣར་ཐང་དང་། ས་སྐྱ། ཞྭ་ལུ། འོལ་ཁ། ཟངས་རི་མཁར་དམར། ཡར་ལུང་རྟེན་གསུམ་གནས་གསུམ། དཔལ་བསམ་ཡས། དགའ་ལྡན། སེ་ར་བཅས་ལ་མཆོད་འབུལ་ཞིབ་མཇལ་གནང་། དགུང་ལོ་ཉེར་གཉིས་པར་མདོ་སྨད་དུ་ཕེབས། དགུང་ལོ་སོ་གཉིས་པར་གདན་སའི་ཚོགས་ཆེན་ཁྲི་ལ་ཞབས་སེན་ཉེ་བར་འཁོད་དེ་ཁྲི་རབས་ཞེ་བརྒྱད་པ་ཡིན། དེ་ནས་ཁོང་གིས་དགོན་པའི་ལས་དོན་ཡོངས་ལ་དག་ཐེར་མཛད་ནས་སྔར་ལས་ལྷག་པར་ཇེ་[253]དགའ་ཇེ་དར་དུ་བཏང་སྟེ། སྔར་གྱི་ཁྲིམས་འཆལ་ཅན་ཆིག་བརྒྱ་ལྷག་ཙམ་དགོན་པའི་གྲལ་ནས་ཕུད་པ་དང་། དུས་རྒྱུན་དུ་བརྩི་བཞག་གི་རྒྱུགས་དང་། རིགས་ལུང་གི་རྒྱུགས། རིག་གནས་ཀྱི་རྒྱུགས། སྐད་གྲྭ་བའི་རྒྱུགས། དཔར་གྱི་རྒྱུགས་རྣམས་ཞིབ་པར་བླངས་ཏེ་སྒྲའི་སློབ་དཔོན་བྱེད་ཐུབ་པ་བརྒྱད། ས་རིས་ཀྱི་སློབ་དཔོན་ཐུབ་པ་བཅོ་བརྒྱད། དཔར་ཡིག་གི་དགེ་རྒན་ཐུབ་པ་ལྔ་ཙམ་བྱུང་བས། དེའི་སྐབས་སུ་བླ་བྲང་དགོན་པའི་འཆད་མཉན་ཤིན་ཏུ་དར་བ་རེད། ཁོང་གི་སློབ་མ་གྲགས་ཆེ་བ་ནི་བདེ་ཐང་མཁན་སྤྲུལ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དང་། སྣང་ཞིག་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ། རབ་བརྟན་རྒྱ་མཚོའི་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་བཅས་ཡིན། ཁོང་གི་གསུང་རྩོམ་ནི《རྒྱན་འགྲེལ་བ་དང་བཅས་པའི་ས་བཅད》དང་། 《འཇུག་པའི་ས་བཅད》། 《གླིང་བསྲེའི་བཤད་པ་རྒྱས་པ》། 《རྗེ་བླ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ཟབ་གནད་ཆ་ཚང》བཅས་ཕྱི་ནང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་མང་པོ་བཞུགས་སོ༎

language:
Tibetan