- gung thang ngag dbang bstan pa'i rgyal mtshan
- ID:
- T226435
- གུང་ཐང་ངག་དབང་བསྟན་པའི་རྒྱལ་མཚན (Tibetan, Tibetan script, Original)
- > gung thang ngag dbang bstan pa'i rgyal mtshan (Tibetan, Latin script, Transliteration-THL Extended Wylie Transliteration)
- > gung tang ngawang tenpé gyaltsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(གུང་ཐང་ཚང་སྐུ་ཕྲེང་གཉིས་པ)གདན་ས་ཆེན་པོ་དགའ་ལྡན་གྱི་ཤར་ལྷོའི་ཕྱོགས་ཆ་ཞེས་པའི་གྲོང་དུ་རབ་བྱུང་བཅུ་གཉིས་པའི་མེ་ལུག(༡༧༢༧)ལོར་སྐུ་འཁྲུངས། རྒྱལ་བ་ཡབ་སྲས་གཉིས་དང༌། ཆོས་སྐྱོང་ཁག་གི་ལུང་བསྟན་རྣམས་མཐུན་པར་ཁྲི་ཆེན་གུང་ཐང་པའི་ཡང་སྲིད་དུ་ཐག་བཅད་པ་ལྟར། དགུང་ལོ་གསུམ་པ་ས་བྱ(༡༧༢༩)ལོར་སྐུ་གོང་མའི་ཕྱག་མཛོད་ངག་དབང་ཕུན་ཚོགས་ཀྱིས་ཡབ་ཡུམ་དང་ལྷན་ཅིག་གུང་ཐང་བླ་བྲང་དུ་གདན་དྲངས། དགུང་ལོ་ལྔ་པ་ལྕགས་ཕག(༡༧༣༡)ལོར་འོན་རྒྱལ་སྲས་རིན་པོ་ཆེ་འཇིགས་མེད་ཡེ་ཤེས་གྲགས་པའི་དྲུང་ནས་གཙུག་ཕུད་བཞེས་ཏེ་མཚན་ལ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་གསོལ། དགུང་ལོ་བདུན་པའི་སྐབས་དགེ་ཚུལ་གྱི་སྡོམ་པ་ཡང་རྒྱལ་སྲས་རིན་པོ་ཆེའི་དྲུང་ནས་བཞེས་ཤིང༌། ལོ་དེར་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཐོག་ཚ་ཁོ་རབ་འབྱམས་པ་བསོད་ནམས་དར་རྒྱས་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭར་གསན་སྦྱོང་གནང་སྟེ་ལོ་ངོ་བཞི་བར་བཞུགས། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་རིན་པོ་ཆེ་མགར་ཐར་ནས་བོད་དུ་ཕྱིར་ཕེབས་མཛད་རྗེས། བཀྲ་ཤིས་འཁྱིལ་གྱི་ཁྲི་རྒན་ཚང་དང༌། སྡེ་རྒན་ཚང་གཉིས་ནས་དཔོན་མོ་རྣམ་རྒྱལ་སྒྲོལ་མ(མཚོ་སྔོན་དཔོན་དགའ་ལྡན་ཨེར་ཏེ་ནི་ཇུ་ནང་གི་བཙུན་མོ)ལ་རེ་འདུན་ཞུས་པ་ལྟར། དཔོན་མོས་ཏཱ་ལའི་བླ་མ་རིན་པོ་ཆེར་མཚམས་ཞུ་དང༌། དཔོན་འདས་པོའི་དགོངས་རྫོགས་མཆོད་འབུལ་བཅས་ཆབས་ཅིག་མི་སྣ་མངགས་པའི་མདུན། པཎ་ཆེན་རིན་པོ་ཆེ་དང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་གཉིས་ལ་དམ་པ་འདི་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཆོག་པའི་དགོངས་འཁྲོལ་ཞུས་པར་ཆོག་མཆན་ཐོབ་པ་བཞིན་དགུང་ལོ་བཅུ་པ་མེ་འབྲུག(༡༧༣༦)ལོར་མདོ་སྨད་དུ་གདན་དྲངས་ཤིང༌། ལོ་དེའི་སྟོན་ཁར་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ་དགུང་ལོ་བཅུ་གཅིག་ནས་དགུང་ལོ་ཉི་ཤུ་པ་མེ་སྟག(༡༧༤༦)ལོ་བར་ལོ་བཅུའི་རིང་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་པོ་ལྔའི་སློབ་གཉེར་ལ་ཐུགས་བརྩོན་ལྷོད་མེད་ཀུན་གྱི་མིག་དཔེར་འོས་པ་མཛད་ཅིང་ཞར་ལ་དམ་པ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་གསན་བཞེས་དང་ཐུགས་༌སུ་ཆུད་ངེས་ཀྱི་སློབ་སྦྱོང་གནང༌། གཞན་ཡང་རོང་པོ་མེར༌གེན་ཆོས་རྗེ་ངག་དབང་རྒྱ་མཚོ་དང་སྨན་པ་ངག་དབང་ནོར་བུ་གཉིས་ལས་རིག་གནས་གཞན་དག་གི་སྐོར་ཡང་གསན་སྦྱོང་གནང༌། དགུང་ལོ་ཉི་ཤུ་པ་མེ་སྟག(༡༧༤༦)ལོར་ཨ་མདོ་རྔ་བ་ཁུལ་དུ་ཕེབས་ནས། སྐུ་གོང་མ་ཁྲི་ཆེན༌དགེ་འདུན་ཕུན་ཚོགས་ཀྱི་དངོས་སློབ་གཉན་རྩེ་ངག་དབང༌ཆོས་འཕེལ་གྱི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས་ཤིང༌། ། གཞན་ཡང་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་གསན། ལོ་དེའི་སྟོན་ཁ་ནས་འཇམ་དབྱངས་བཞད་པ་རིན་པོ་ཆེ་འཇིགས་མེད་དབང་པོས་རྒྱུད་སྨད་གྲྭ་ཚང་གི་མཁན་པོར་བསྐོ་གཞག་མཛད་པ་ལྟར་ལོ་ངོ་གསུམ་རིང་ལེགས་པར་བསྐྱངས། དགུང་ལོ་ཉེར་གཉིས་པ་ས་འབྲུག(༡༧༤༨)ལོར་བཀྲ་ཤིས་འཁྱིལ་ཚོགས་ཆེན་གྱི་ཁྲིར་ཕེབས་ནས་ལོ་ངོ་ལྔའི་རིང་ཆོས་འཆད་ཉན་དང༌། སྒྲིགས་ཁྲིམས། སློབ་གཉེར་སོགས་ཀྱི་རྟིང་བསྐུལ་དང༌། བསྔགས་བརྗོད། ཚར་གཅོད་སོགས་གང་ལ་གང་འོས་ཀྱི་གསུང་བཀོད་ནན་ཏན་མཛད། དགུང་ལོ་ཉེར་དགུ་པ་ཤིང་ཕག(༡༧༥༥)ལོར་ཚོགས་ཆེན་གྱི་ཁྲིའི་དགོངས་ཞུ་མཛད་ནས། དགོན་པའི་བྱང་ཕྱོགས་རྒྱབ་ཡོལ་གྱི་ས་ཆར་རི་ཁྲོད་ཡིད་དགའ་ཆོས་འཛིན་ཕྱག་བཏབ་ནས་ལོ་ངོ་བཞིའི་བར་ཐུགས་དམ་ཉམས་བཞེས་ལ་རྩེ་གཅིག་ཏུ་བཞུགས། དགུང་ལོ་སོ་གསུམ་པ་ས་ཡོས(༡༧༥༩)ལོར་གོང་མ་ཆེན་ལུང་གིས་རྟ་ཚག་རྗེ་དྲུང་དཔལ་ལྡན་རྒྱལ་མཚན་པེ་ཅིན་དུ་སྐུ་གཤེགས་པའི་ཚབ་ཏུ་ཕེབས་དགོས་པའི་བཀའ་ཕབ་པ་ལྟར་པེ་ཅིན་དུ་ཕེབས། གོང་མས་བླ་ཆེན་ལ་འོས་པའི་བཀུར་བཟོས་དང་གནང་སྐྱེས་དང༌། ཧོ་ཐོག་ཐུའི་གདན་ཐོབ་གནང་ཞིང༌། གོང་མའི་ཞབས་བརྟན་རིམ་གྲོ་དང་། ཆོས་འཆད་ཉན་བཅས་རྒྱ་ཆེར་གནང་བཞིན་པའི་ངང་ལོ་དེའི་དགུན་ཐོག་ནས་སྐུ་བསྙུན་ནས་ཞབས་བརྟན་དང་སྨན་བཅོས་གང་གིས་ཀྱང་མ་ཕན་པར་པེ་ཅིན་རང་དུ་སྐུ་གཤེགས། སྐུ་གདུང་དང་སྐུ་ཆས་བཅས་ལོ་རྗེས་མར་པེ་ཅིན་ནས་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་གདུང་རྟེན་མཆོད་རྟེན་བཞེངས། གསུང་རྩོམ་སྣ་ཚོགས་ཕྱོགས་བསྒྲིགས་པོད་གཅིག་ཡོད། ལོ་རྒྱུས་ཞིབ་པར་དབལ་མང་སྐུ་ཕྲེང་གཉིས་པ་དཀོན་མཆོག་རྒྱལ་མཚན་གྱིས་མོཛད་པའི<<བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་རང་བཞིན་དབྱངས་སུ་བརྗོད་པ་ལྷ་ཡི་རྔ་བོ་ཆེ>>ལྕགས་དཔར་མ་ཤོག་གྲངས༣༥༣ནས་༣༧༥བར་གསལ།
- language:
- Tibetan
2. Thupten Phuntsok Dictionary
(གུང་ཐང་ཚང་སྐུ་ཕྲེང་གཉིས་པ) གདན་ས་ཆེན་པོ་དགའ་ལྡན་གྱི་ཤར་ལྷོའི་ཕྱོགས་ཆ་ཞེས་པའི་གྲོང་དུ་རབ་བྱུང་བཅུ་གཉིས་པའི་མེ་ལུག (༡༧༢༧) ལོར་སྐུ་འཁྲུངས། རྒྱལ་བ་ཡབ་སྲས་གཉིས་དང་། ཆོས་སྐྱོང་ཁག་གི་ལུང་བསྟན་རྣམས་མཐུན་པར་ཁྲི་ཆེན་གུང་ཐང་པའི་ཡང་སྲིད་དུ་ཐག་བཅད་པ་ལྟར། དགུང་ལོ་གསུམ་པ་ས་བྱ (༡༧༢༩) ལོར་སྐུ་གོང་མའི་ཕྱག་མཛོད་ངག་དབང་ཕུན་ཚོགས་ཀྱིས་ཡབ་ཡུམ་དང་ལྷན་ཅིག་གུང་ཐང་བླ་བྲང་དུ་གདན་དྲངས། དགུང་ལོ་ལྔ་པ་ལྕགས་ཕག (༡༧༣༡) ལོར་འོན་རྒྱལ་སྲས་རིན་པོ་ཆེ་འཇིགས་མེད་ཡེ་ཤེས་གྲགས་པའི་དྲུང་ནས་གཙུག་ཕུད་བཞེས་ཏེ་མཚན་ལ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་གསོལ། གོང་མ་ཆན་ལུང་གིས་བཀའ་ལྟར་རྟ་ཚག་རྗེ་དྲུང་དཔལ་ལྡན་རྒྱལ་མཚན་གྱི་ཚབ་ཏུ་པེ་ཅིང་དུ་ཕེབས་ཀྱང་། དགུང་ལོ་སོ་གསུམ་པ་ས་ཡོས་ལོའི་དགུན་ཐོག་ནས་བསྙུན་ནས་ཞབས་བརྟན་དང་གང་གིས་ཀྱང་མ་ཕན་པར་པེ་ཅིན་རང་དུ་སྐུ་གཤེགས། སྐུ་གདུང་དང་སྐུ་ཆས་བཅས་ལོ་རྗེས་མར་པེ་ཅིན་ནས་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་གདུང་རྟེན་མཆོད་རྟེན་བཞེངས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་རབ་བྱུང་བཅུ་གཉིས་པའི་མེ་མོ་ལུག་ལོ་སྟེ་སྤྱི་ལོ 1727 ལོར་ཡུལ་དབུས་ཀྱི་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཉེ་འདབས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ས་མོ་ཡོས་ལོ་སྟེ་སྤྱི་ལོ 1759 ལོར་པེ་ཅིན་དུ་སྐུ་གཤེགས། དགུང་ལོ་གསུམ་པར་རྒྱལ་བ་ཡབ་སྲས་ཀྱི་གསུང་ལྟར་གུང་ཐང་དུ་གདན་དྲངས། དགུང་ལོ་ལྔ་བར་རྒྱལ་སྲས་ཡེ་ཤེས་གྲགས་པ་ལས་རབ་ཏུ་བྱུང་སྟེ་མཚན་ལ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་གསོལ། དགུང་ལོ་བདུན་པར་མཁན་པོ་དེ་ཉིད་ལས་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་། ལོ་དེར་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཕེབས། དགུང་ལོ་བཅུ་བར་བསེ་ཁྲི་རྒན་ཚང་དང་གྲུབ་དབང་སྡེ་རྒན་ཚང་རྣམ་པ་གཉིས་ཀྱིས་བསྐུལ་བ་ལྟར་འབྲས་སྤུངས་ནས་ཆིབས་ཁ་བསྒྱུར་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པས་ཀུན་བཤད་ཀྱི་མཚན་ལ་ཚངས་སྲས་དགྱེས་པའི་རྡོ་རྗེ་ཞེས་[256]གསོལ། དགུང་ལོ་ཉི་ཤུ་བར་གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ(1684—1756) ལས་བསྙེན་པར་རྫོགས་ཏེ་བདེ་མཆོག་གི་དབང་ཡང་གནང་། དགུང་ལོ་ཉེར་གཉིས་པར་གདན་ས་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་བར་ཕེབས་པས་ཁྲི་རབས་ལྔ་བ་ཡིན། བསྟན་འགྱུར་སྐྱ་པོ་ཏ་སྤུས་གཙང་དང་། བརྒྱད་སྟོང་པ་ཚར་བརྒྱ་དངུལ་གྱིས་བྲིས་ཏེ་སྐུ་གསུང་ཐུགས་རྟེན་དཔག་མེད་ཅིག་གསར་བཞེངས་མཛད། དགུང་ལོ་སོ་གསུམ་པར་གོང་མ་ལྷ་སྐྱོང་ཆེན་པོའི་བཀའ་ལྟར་པེ་ཅིན་དུ་ཕྱག་ཕེབས། གོང་མ་ཤིན་ཏུ་དགྱེས་ནས། སྤྱིར་བླ་ཆེན་རེ་གཉིས་ཙམ་མ་གཏོགས་གདན་སེར་པོའི་ཐོབ་གནང་སྲོལ་མེད་རུང་། ཁོང་ལ་གདན་སེར་པོའི་ཐོབ་དང་། བཞུགས་གདན་སེར་པོ་རྒྱབ་ཡོལ་དང་བཅས་གནང་བའོ། དེ་ནས་བཟུང་རྒྱལ་སའི་ཧུ་ཐོག་ཐུ་རྣམ་བརྒྱད་ཀྱི་ནང་ཚན་ཁྲི་གུང་ཐང་ཚང་ཞེས་སྙན་པའི་གྲགས་པ་ཀུན་ཏུ་ཁྱབ་བོ།།
- language:
- Tibetan