- gung thang 'jam dbyangs bstan pa'i nyi ma
- ID:
- T226437
- གུང་ཐང་འཇམ་དབྱངས་བསྟན་པའི་ཉི་མ (Tibetan, Tibetan script, Original)
- > gung thang 'jam dbyangs bstan pa'i nyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > gungtang jamyang tenpé nyima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(གུང་ཐང་ཚང་སྐུ་ཕྲེང་ལྔ་པ)མདོ་སྨད་རྨ་ཆུའི་འགྲམ་ངོས་བཅའ་ཁོག་ཏུ་ཡབ་བདེ་ཆེན་དར་རྒྱས་དང༌། ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ(༡༨༦༠)ལོར་སྐུ་འཁྲུངས། བྱིས་པའི་དུས་ཀྱི་མཚན་ལ་དབང་ཆེན་ཚེ་རིང་ཞེས་གསོལ། དགུང་ལོ་བཞི་ལ་ཕེབས་པ་ཆུ་ཕག(༡༨༦༣)ལོར་འོས་སྤྲུལ་བྱིས་པ་མཚན་རྟགས་ལྡན་པ་ལྔ་འཇམ་དབྱངས་བཞད་པ་རིན་པོ་ཆེ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོར་ཕུལ་བར་ཟན་བརྟག་གནང་སྟེ་དམ་པ་འདིའི་མཚན་ཐོན་པར་བརྟེན། ལོ་དེའི་རྗེས་མ་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ནས་གུང་ཐང་བླ་བྲང་གི་ཁྲི་ལ་མངའ་གསོལ་ཞིང༌། རྗེ་ཤེས་རབ་རྒྱ་མཚོའི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་པའི་མཚན་ལ་འཇམ་དབྱངས་བསྟན་པའི་ཉི་མ་ཞེས་གསོལ། དགེ་སློང་བསྐལ་བཟང་རྒྱ་མཚོ་དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་ལ་སྦྱངས་པ་མཛད། དགུང་ལོ་བདུན་པ་མེ་སྟག(༡༨༦༦)ལོར་རྗེ་ཤེས་རབ་རྒྱ་མཚོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང༌། མདོ་སྔགས་ཀྱི་ཆོས་རྒྱུན་མི་ཉུང་བ་ཞིག་གསན། དགུང་ལོ་བཅུ་གསུམ་པ་ཆུ་སྤྲེལ་(༡༨༧༢)ལོར་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་དུ་སྒྲིགས་ཞུགས་ཐོག དགེ་བའི་བཤེས་གཉེན་དོན་ཡོད་རྒྱ་མཚོ་དགེ་རྒན་དུ་བསྟེན་ནས་བླ་ཆེན་གྱི་ཆེ་འགྱིང་དང་སྤྲོས་པ་དོར་ནས་གྲྭ་རྐྱང་དཀྱུས་མ་སྤྱི་དང་འདྲ་བར་སྒྲིགས་ཁྲིམས་ཁུར་བཞེས་ཀྱིས་ཆོས་གྲྭར་རྩོད་པ་དམ་བཅའ་སོགས་མ་ཆག་པར་ཕེབས་པ་སོགས་སྐྱེས་ཆེན་དམ་པའི་མཛད་བཟང་ཕྱི་རབས་སྐྱེ་སྤྲུལ་ཀུན་གྱི་མིག་དཔེར་འོས་པ་གནང༌། དགུང་ལོ་ཉེར་གཅིག་པ་ལྕགས་འབྲུག(༡༨༨༠)ལོར་བྲ་ཉེ་མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོ་བའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉེར་བཞི་པར་འཛིན་གྲྭ་མཛོད་དུ་ཕེབས་སྐབས་ཐུགས་གཉེར་མུ་མཐུད་གནང་བཞེད་ཡོད་ཀྱང་བླ་བྲང་དགོན་པར་ནང་འཁྲུག་བྱུང་བའི་རྐྱེན་གྱིས་བར་ཆད་དུ་གྱུར། དེའི་ཕྱི་ལོ་དབུས་གཙང་དུ་ཕེབས་ཏེ། དབུས་གཙང་ལྷོ་ཁ་བཅས་ཀྱི་གནས་མཇལ་དང་སྦྲགས་མཆོད་འབུལ་རྒྱ་ཆེར་མཛད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང༌། སྲིད་སྐྱོང་རྟ་ཚག་རིན་པོ་ཆེ་སོགས་མཇལ་ཕྱག་ཐོག་དངོས་འབུལ་དང་གདན་ས་གསུམ་དང་སྨོན་ལམ་ཆེན་མོ་བཅས་ལ་བསྙེན་བཀུར་སོགས་མཛད་ནས་ཚོགས་མཆོད་གྲོལ་རྗེས་མདོ་སྨད་ཕྱོགས་སུ་ཕྱིར་ཕེབས་ནས་བཀྲ་ཤིས་འཁྱིལ་དུ་འཇམ་དབྱངས་བཞད་པ་རིན་པོ་ཆེའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་སྔར་མ་གསན་པ་མང་པོ་ཞིག་གསན་ཅིང༌། ཉེ་འཁོར་གྱི་དགོན་སྡེ་ཁག་ནས་གདན་ཞུས་ལྟར་འདོད་ཆོས་བློ་དང་འཚམས་པར་བསྩལ། དགུང་ལོ་སོ་ལྔ་པ་ཤིང་རྟ(༡༨༩༤)ལོར་ཕྱི་སོག་གི་དཔོན་ཧུང་ཐའི་ཇིས་གདན་དྲངས་པ་ལྟར་ཁལ་ཁ་དང་དེ་ནས་ཇུན་གར། ཐོར་གོད་ཁག་བཞི་བཅས་སུ་ཕེབས་ནས་གང་ལ་གང་འཚམས་ཀྱི་ཆོས་བཀའ་རྒྱ་ཆེར་བསྩལ། དགུང་ལོ་སོ་བརྒྱད་པ་མེ་བྱ(༡༨༩༧)ལོར་བཀྲ་ཤིས་འཁྱིལ་དུ་ཕྱིར་ཕེབས་མཛད། དགུང་ལོ་བཞི་བཅུ་པ་ས་ཕག(༡༨༩༩)ལོར་ཤིན་ཅང་གི་ཐོར་གོད་དང༌། དེ་ནས་ཕྱི་སོག་ཁུལ་དུ་ཕེབས་ནས་ལོ་ངོ་བཞིའི་རིང་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་བསྩལ། དགུང་ལོ་ཞེ་གསུམ་པ་ཆུ་སྟག(༡༩༠༢)ལོར་བཀྲ་ཤིས་འཁྱིལ་དུ་ཕྱག་ཕེབས། དགུང་ལོ་ང་ལྔ་པར་སླར་ཡང་ཕྱི་སོག་ཁུལ་དུ་ཕེབས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། དགུང་ལོ་ང་བདུན་པ་མེ་འབྲུག(༡༩༡༦)ལོར་བཀྲ་ཤིས་འཁྱིལ་དུ་ཕྱིར་ཕེབས། དགུང་ལོ་ང་དགུ་པ་ས་རྟ(༡༩༡༨)ལོར་ཟི་ལིང་དམག་སྤྱི་མཱ་ཆི་དང་བཀྲ་ཤིས་འཁྱིལ་བར་འགལ་ཟླ་བྱུང་བའི་དོན་སྐོར་ལ་སྐུ་ངལ་ཁྱད་བསད་ཀྱིས་གདན་སར་གནོད་འཚེ་མི་འབྱུང་བའི་ཐབས་བཀོད་གང་ཟབ་གནང་བར་བརྟེན་ཡུལ་ལུང་བདེ་འཇགས་ལ་གནས་ཐུབ་པ་བྱུང༌། གསུང་རྩོམ་སྣ་ཚོགས་ཕྱོགས་བསྒྲིགས་པོད་གཅིག་ཙམ་ཡོད། དགུང་ལོ་རེ་དྲུག་པ་རབ་བྱུང་བཅོ་ལྔ་པའི་ཤིང་གླང(༡༩༢༥)ལོར་སྐུ་གཤེགས། ལོ་རྒྱུས་རྣམ་ཐར་ནི། བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་མཛད་པ་ཁ་བྱང་དུ<<ཁྲི་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་དཔལ་བཟང་པོ་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་སྐལ་བཟང་མགྲིན་རྒྱན>>ཤིང་དཔར་མ་ལ་ཤོག་གྲངས༢༤ཡོད་པ་ཞིག་རྗེ་དེ་ཉིད་ཀྱི་གསུང་འབུམ་པོད[ཆ]པའི་ནང་བཞུགས།
- language:
- Tibetan
2. Thupten Phuntsok Dictionary
(གུང་ཐང་ཚང་སྐུ་ཕྲེང་ལྔ) མདོ་སྨད་རྨ་ཆུའི་འགྲམ་ངོས་བཅའ་ཁོག་ཏུ་ཡབ་བདེ་ཆེན་དར་རྒྱས་དང་། ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ (༡༨༦༠) ལོར་སྐུ་འཁྲུངས། བྱིས་པའི་དུས་ཀྱི་མཚན་ལ་དབང་ཆེན་ཚེ་རིང་ཞེས་གསོལ། དགུང་ལོ་བཞི་ལ་ཕེབས་པ་ཆུ་ཕག (༡༨༦༣) ལོར་འོས་སྤྲུལ་བྱིས་པ་མཚན་རྟགས་ལྡན་པ་ལྔ་འཇམ་དབྱངས་བཞད་པ་རིན་པོ་ཆེ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་པོར་ཕུལ་བར་ཟན་བརྟག་གནང་སྟེ་དམ་པ་འདིའི་མཚན་ཐོན་པར་བརྟེན། ལོ་དེའི་རྗེས་མ་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ནས་གུང་ཐང་བླ་བྲང་གི་ཁྲི་ལ་མངའ་གསོལ་ཞིང་། རྗེ་ཤེས་རབ་རྒྱ་མཚོའི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་པའི་མཚན་ལ་འཇམ་དབྱངས་བསྟན་པའི་ཉི་མ་ཞེས་གསོལ། དགེ་སློང་བསྐལ་བཟང་རྒྱ་མཚོ་དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་ལ་སྦྱངས་པ་མཛད །དགུང་ལོ་རེ་དྲུག་པ་རབ་བྱུང་བཅོ་ལྔ་ཤིང་གླང (༡༩༢༥) ལོར་སྐུ་གཤེགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ་ 1860 ལོར་མདོ་སྨད་རྨ་ཆུ་འགྲམ་ངོགས་གཅའ་ཁོག་ཏུ་ཡབ་བདེ་ཆེན་དར་རྒྱས་དང་། ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅོ་ལྔ་བའི་ཤིང་མོ་གླང་ལོ་སྟེ་སྤྱི་ལོ 1925 ལོར་བེ་ཤིང་དགོན་དུ་སྐུ་གཤེགས། ཁོང་བྱིས་པའི་དུས་ཀྱི་མིང་ལ་དབང་ཆེན་ཚེ་རིང་ཞེས་བཏགས། དགུང་ལོ་བཞི་བར་གུང་ཐང་བླ་བྲང་ཐུབ་བསྟན་སྐྱེད་ཚལ་གྱི་ཁྲི་ལ་མངའ་གསོལ། རྗེ་ཤེས་རབ་རྒྱ་མཚོའི་དྲུང་ནས་[257]རབ་བྱུང་གི་སྡོམ་པ་མནོས་ཏེ་མཚན་ལ་འཇམ་དབྱངས་བསྟན་པའི་ཉི་མ་ཞེས་གསོལ་ཞིང་ཡི་གེའི་འབྲི་ཀློག་བཅས་ལ་སྦྱངས། དགུང་ལོ་བདུན་པར་རྗེ་ཤེས་རབ་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བཅུ་གསུམ་པར་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས་ཏེ་བཀའ་པོད་ལྔ་ལ་གསན་སྦྱོང་མཛད། དགུང་ལོ་ཉེར་གཅིག་པར་བྲ་ཉེ་མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོ་ལས་དགེ་སློང་གི་སྡོམ་པ་མནོས། དགུང་ལོ་ཉེར་ལྔ་བར་དབུས་གཙང་དུ་གནས་མཇལ་ཕེབས་ཏེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་དང་མཇལ། དགུང་ལོ་བཞི་བཅུ་པར་སླར་ཡང་ཨུ་ཆེན་ཐོར་གོད་བརྒྱུད་དེ་ཕྱི་སོག་དུར་བེད་དུ་བྱོན་ནས་བཀའ་ཆོས་མང་པོ་གསུངས་ཏེ་སེམས་ཅན་ཀུན་གྱི་རེ་བ་བསྐངས། དགུང་ལོ་ཞེ་བཞི་བར་བླ་བྲང་དགོན་པའི་ཚོགས་ཆེན་ཁྲི་བ་མཛད་དེ་ཁྲི་རབས་རེ་དགུ་བ་ཡིན། གདན་སའི་འཆད་ཉན་དང་སྤྱི་སྒེར་གྱི་སྒྲིག་ལམ་དམ་བཟུང་མཛད་ཅིང་། རིགས་གྲྭར་ངར་ཆར་འཕད་ཀྱི་གཏོང་སྒོའི་རིགས་དང་འདུ་ཁང་ཆེན་མོར་གོས་ཆེན་གྱི་གནམ་རྒྱན་ཕུལ་བ་བཅས་བསྙེན་བཀུར་གཟབ་རྒྱས་མཛད། དགུང་ལོ་ང་ལྔ་བར་ཧལ་ཧའི་ཕྱོགས་སུ་ཕེབས་ཏེ་ཆོ་ལོ་ཏིའི་དགོན། ཨ་ན་དགོན། ཨི་གུ་ཐིའི་དགོན། ཤིས་ཆང་གུ་དགོན་བཅས་དགོན་ཁག་སུམ་ཅུ་ལྷག་གིས་དགོན་མགོ་ཕུལ་བ་ཞལ་བཞེས་མཛད། དགུང་ལོ་ང་དགུ་བར་མཱ་ཆི་ཚང་དང་བླ་བྲང་བར་ལ་འགལ་ཟླ་ཡོད་ཀྱང་ཁོང་གིས་དཀའ་ལས་སྐུ་ཚེགས་ཁྱད་དུ་བསད་དེ། གང་ལ་གང་འཚམས་དེ་ལ་དེ་སྟོན་གྱི་ཐབས་དང་ཤེས་པས་གདན་ས་དང་ཡུལ་སྡེ་ཚང་མ་བདེ་ལ་བཀོད། [258] ཁོང་གི་གསུང་རྩོམ་ནི་མཎྚལ་གྱི་བཤད་པའི་སྐོར་དང་། ཡང་སྤྲུལ་མྱུར་འབྱོན་གྱི་སྐོར། རྣམ་ཐར་གྱི་སྐོར། ཁྲི་བཤད་ཀྱི་སྐོར། བསླབ་བྱའི་སྐོར། ཡུལ་ལྷའི་གསོལ་མཆོད་ཀྱི་སྐོར། གསན་ཡིག་ཆབ་ཤོག་གི་སྐོར། ཆིངས་ཡིག་བཅའ་ཡིག་གི་སྐོར་བཅས་རྣམ་གྲངས་མང་པོ་བཞུགས་སོ།།
- language:
- Tibetan