Skip to main content Skip to search
gung thang bla ma zhang
ID:
T226439
  • གུང་ཐང་བླ་མ་ཞང (Tibetan, Tibetan script, Original)
    • > gung thang bla ma zhang (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gung tang lama shyang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པ་ནི་འཁྲུངས་པའི་ཡུལ་ངམ་ཤོད་ཚ་གྲུར་ཞང་གི་རིགས་ལས་བྱུང་བའི་ཡབ་སྔགས་འཆང་རྡོ་རྗེ་སེམས་པ་དང་ཡུམ་མང་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་གཉིས་པའི་ཆུ་སྟག(༡༡༢༢)ལོར་སྐུ་བལྟམས། རབ་བྱུང་གསུམ་པའི་ཆུ་གླང(༡༡༩༣)ལོར་གཤེགས། དགུང་ལོ་དོན་གསུམ་བཞུགས། དགུང་ལོ་ལྔ་དྲུག་སྐབས་ནས་ཡབ་ཀྱིས་དམྱལ་བའི་སྡུག་བསྔལ་བཤད་པས་འཇིགས་སྐྲག་ཆེན་པོ་བསྐྱེད་ནས་ཡབ་ལ་ཅི་ཕན་ཞུས་པས་ཡབ་ཀྱིས་ཕྱག་དང་བསྐོར་བ་ལ་བརྩོན་ན་ཕན་པ་གསུང༌། དེ་ནས་ཉིན་མཚན་ཀུན་ཏུ་དེ་ལྟར་བརྩོན། ལོ་བདུན་ལ་སོན་སྐབས་ཡི་གེ་བསླབ་པས་མྱུར་བར་མཁྱེན། དགུང་ལོ་དགུ་ལ་བྱེའུ་སྟོན་པ་ལས<<མདོ་སྡུད་པ>>དང<<མངོན་རྟོགས་རྒྱན>>གསན། ལོ་བཅུ་གཅིག་ལ་སློབ་དཔོན་རྔོག་སྡེ། ལས་དགྱེས་པ་རྡོ་རྗེ། གུམ་མཧྭ་མ་ཡ་སོགས་གསན། འཇམ་དཔལ་གསང་ལྡན་ལ་བཤད་པ་མཛད། སཾ་བུ་ལོ་ཙཱ་བ་ལས་མངོན་པ་དང༌། ཚད་མ་སོགས་གསན། དགུང་ལོ་བཅོ་བརྒྱད་ལ་སོན་སྐབས་ཕ་ཚན་གྱིས་བརྙས་པ་བྱུང་བས་དེ་དག་ལ་ལོ་གསུམ་བར་མཐུ་བསྒྲུབས་ནས་ཚར་བཅད། དགུང་ལོ་ཉེར་གསུམ་ལ་ཁམས་སུ་བྱོན་ནས་སློབ་དཔོན་བློ་སྟོན་བྱ་བ་ལས་སྡོམ་པ་བླངས། ལོ་གཅིག་ཙམ་གྱིས་མངོན་སྤྱོད་མཛད། འཁོར་བ་ལ་སྙིང་པོ་མེད་པར་གཟིགས་ནས་འཕྲོ་བཅད། དགུང་ལོ་ཉེར་དྲུག་ལ་སོན་སྐབས་མཁར་འགོ་པས་མཁན་པོ་དང་གྲབ་མཁར་བས་སློབ་དཔོན་མཛད་ནས་བསྙེན་པར་རྫོགས། མཚན་བརྩོན་འགྲུས་གྲགས་པ་ཞེས་གསོལ། ལོ་གཅིག་རིང་ལ་ན་བཟའ་བརྗེ་བ་མ་གཏོགས་སྐུ་རགས་མ་བཤིག་པར་བྱང་ཆུབ་ལྟུང་བཤགས་ལ་ཐུགས་དམ་མཛད་ཅིང་བཞུགས། དཔལ་རྒ་ལོ་ཆེན་པོ་སོག་ཏུ་ཕེབས་པའི་སྤྱན་སྔར་བྱོན། ཞལ་མཐོང་བ་ཙམ་གྱིས་དད་པ་ལྷག་པར་སྐྱེས། གསང་སྔགས་ཀྱི་གདམས་པ་མང་པོ་ཞུས། དེ་རྗེས་གེགས་སེལ་མཛད་ནས་དཀའ་ཐུབ་ཀྱིས་རི་ཁྲོད་འགྲིམས། སླར་ལོ་གསུམ་སོང་རྗེས་དཔལ་རྒ་ལོ་དང་མཇལ། གདམས་ངག་ལྷག་མ་གསན། དགུང་ལོ་སོ་གསུམ་པར་དྭགས་སྒོམ་པ་ཚུལ་ཁྲིམས་སྙིང་པོ་དང་མཇལ་ནས་དྭགས་པོ་བཀའ་རྒྱུད་ཀྱི་ཆོས་གསན། ལྷན་གཅིག་སྐྱེས་སྦྱོར་གནང་བ་བསྒོམ་པས་ཤེས་རབ་ཀྱི་རྩལ་འཁྲུངས། གསུང་རབ་རྣམས་ཀྱི་ཚིག་དོན་མཁྱེན། སློབ་དཔོན་གྱིས་དེ་ཐམས་ཅད་བརྟག་དཔྱད་བྱས་པས་ཤེས་པ་ཡིན་པས་ད་བརྟག་དཔྱད་མ་བྱས་པར་རྩེ་གཅིག་ཏུ་སྒོམས་ཤིག་གསུངས་པས་དེ་བཞིན་དུ་བསྒོམས་པས་སྟོང་པ་ཉིད་ཀྱི་ལྟ་བ་མངོན་སུམ་དུ་རྟོགས་ཏེ་འཁོར་འདས། ས་ལམ། བྱ་བྱེད་ཐམས་ཅད་གཞི་རྩ་དང་བྲལ་བ་ཐུགས་སུ་ཆུད། དགུང་ལོ་སོ་གསུམ་པ་ལ་དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ་དང་མཇལ་ནས་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་གསན། དེ་ནས་ལོ་མང་རིང་རི་ཁྲོད་ངེས་མེད་དུ་སྒོམ་སྒྲུབ་མཛད། དེ་ནས་སྐུ་ཚེའི་དཀྱིལ་ནས་སྐུ་ཚེའི་སྨད་དུ་མ་སླེབས་བར་ལྷོ་ཁ་དང༌། འབྲི་ཁུང༌། འོལ་ཁི་ཁུལ་གྱི་སྒེར་བཙན་དཔོན་རིགས་མང་པོར་དམག་དྲངས་ཏེ་ཁོ་ཚོའི་མི་སྡེ་རྣམས་དབང་འོག་ཏུ་བསྡུས་པར་མཛད། སྐུ་ཚེའི་སྨད་དུ་ཀརྨ་པ་དུས་གསུམ་མཁྱེན་པས་རེ་འདུན་ཞུས་པ་ལྟར་དེ་ནས་བཟུང་སྐུ་ཚེ་མ་རྫོགས་བར་དུ་དམག་མཚམས་འཇོག་པ་གནང༌། རབ་བྱུང་གསུམ་པའི་ཤིང་ལུག(༡༡༧༥)ལོར་ཚལ་ཡང་དགོན་དང༌། དེ་ནས་ལོ་བཅུ་གསུམ་སོང་བ་རབ་བྱུང་གསུམ་པའི་མེ་ལུག་(༡༡༨༧)ལོར་གུང་ཐང་གི་དགོན་པ་བཏབ་ནས་ལྷ་ཆེན་དཔལ་འབར་བཞེངས། དེ་ནས་དར་སྤེལ་བྱུང་བའི་ཆོས་ལུགས་ལ་ཚལ་པ་བཀའ་བརྒྱུད་ཟེར་ཞིང༌། མིང་གཞན་དྭགས་པོ་བཀའ་བརྒྱུད་ཀྱང་ཟེར། སྒོམ་པ་ཚུལ་ཁྲིམས་སྙིང་པོའི་བཀའ་བཞིན་ལྷ་སའི་ར་ས་འཕྲུལ་སྣང་གེ་གཙུག་ལག་ཁང་ཉམས་གསོ་བདག་གཅེས། དུས་ཀྱི་མཆོད་པ་བླ་ན་མེད་པ་སྤྲོས་ཏེ་ཞབས་ཏོག་རྒྱ་ཆེན་པོར་མཛད། ཚལ་དང༌། གུང་ཐང་གཉིས་ཀའི་བདག་གཅེས་དང༌། འཆད་ཉན་རྒྱུན་མི་ཆད་པར་མཛད། སྤྱིར་ཆོས་འབྲེལ་ཐོབ་པའི་བླ་མ་བཞི་བཅུ་རྩ་བཞི་དང་གཙོ་ཆེ་བའི་བླ་མ་དྲུག་སྟེ། རྩ་མི་སངས་རྒྱས་གྲགས་པ། དཔལ་ཆེན་རྒ་ལོ། གླིང་ཁ་བའི་སློབ་མ་མལ་ཡེར་པ། བྱང་སེམས་འོལ་ཁ་བ། དྭགས་པོ་སྒོམ་པ་ཚུལ་ཁྲིམས་སྙིང་པོ། གྲུབ་ཐོབ་བེ་རོ་ཙ་ན་སྟེ་དེ་དག་གི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་གསན། སློབ་མ་ཡང༌། ལྷ་རི་བ་ནམ་མཁའ་འོད། ལྷ་ཕྲུག་ཉི་མ་འོད། ཁ་རག་གྲྭ་པ་འདུལ་བ་འོད། འབྲི་ཤཱཀྱ་འོད། མཉམ་མེད་ཤཱཀྱ་ཡེ་ཤེས། བྲག་དཀར་ཤེས་རབ་ཡེ་ཤེས་སོགས་དང༌། ། འགྲོ་མགོན་གཙང་པ་རྒྱ་རས་སོགས་མང་པོ་ཡོད། གསུང་རྩོམ་ཞང་རང་གི་དུས་ཕྱག་བསྟར་མའི་ཕྱག་བྲིས་ངོ་མ་པོད༌ལྔ་ཙམ་གུང་ཐང་བླ་བྲང་གི་ནང་རྟེན་དུ་ཡོད་འདུག མ་དཔེ་དེ་ནས་བཤུས་པའི་བྲིས་མ་མི་རིགས་ཕོ་བྲང་དང༌། ། པོ་ཏཱ་ལ། བླ་བྲང་བཀྲ་ཤིས་འཁྱིལ་བཅས་སུ་ཡོད། རྣམ༌ཐར་རྒྱས་པ་ནི<<དེབ་ཐེར་སྔོན་པོ>>ལེ་ཚན[ཉ]པའི་ཤོག་གྲངས༡༣༦ནས༡༣༨བར་དང༌། <<ཆོས་འབྱུང་མཁས་པའི་དགའ་སྟོན>>ལེ་ཚན[ན]པའི་ཤོག་གྲངས༣༥ནས་ཤོག༌གྲངས༣༧བར་གསལ། ཡང་ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས་པའི<<བླ་མ་ཞང་གི་རྣམ་ཐར་རྒྱས་པ>>ཞིག་ཡོད་ཅེས་དཀར་ཆག་ཏུ་འཁོད་ཀྱང་བདག་གིས་ད་ཕན་མ་མཐོང་ལགས།

language:
Tibetan

2. Thupten Phuntsok Dictionary

གུང་ཐང་བླ་མ་ཞང་བརྩོན་འགྲུས་པ་ནི་འཁྲུངས་པའི་ཡུལ་ངམ་ཤོད་ཚ་གྲུར་ཞང་གི་རིགས་ལས་བྱུང་བའི་ཡབ་སྔགས་འཆང་རྡོ་རྗེ་སེམས་པ་དང་ཡུམ་མང་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་གཉིས་པའི་ཆུ་སྟག (༡༡༢༢) ལོར་སྐུ་བལྟམས། རབ་བྱུང་གསུམ་པའི་ཆུ་གླང (༡༡༩༣) ལོར་གཤེགས། དགུང་ལོ་དོན་གསུམ་བཞུགས་།

language:
Tibetan