- ge sar rgyal po
- ID:
- T226485
- གེ་སར་རྒྱལ་པོ (Tibetan, Tibetan script, Original)
- > ge sar rgyal po (Tibetan, Latin script, Transliteration-THL Extended Wylie Transliteration)
- > gesar gyalpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་ཀྱི་ལོ་རྒྱུས་ཐོག་གྲགས་ཆེ་བའི་གེ་སར་རྒྱལ་པོ་ཞེས་པ་འདིར་བཤད་ཚུལ་རིགས་མི་འདྲ་བ་མང་པོ་བྱུང་ཡོད་པ་སྟེ། གཅིག ༡་གེ་སར་དམག་གི་རྒྱལ་པོ། ༢་གླིང་གེ་སར་རྒྱལ་པོ། ༣ཁྲོམ་གེ་སར་རྒྱལ་པོ་བཅས་མི་གཅིག་ཡིན་ནམ་སོ་སོ་བ་ཡིན་པ། གཉིས། དེ་གསུམ་ལོ་རྒྱུས་ཐོག་བྱུང་མྱོང་ཡོད་དམ་མེད། གསུམ། དེ་གསུམ་དུས་སྐབས་གང་དུ་བྱུང་ཡོད་མེད་བཅས། སྐབས་འདིར(སྐབས་འདིར་ཞེས་པ་ནི<<ཆོས་འབྱུང་མཁས་པའི་དགའ་སྟོན>>ཤོག་གྲངས༡༥༦ཐོག་གེ་སར་རྒྱལ་པོ་ཤིང་ལ་རྟ་ལྟར་འཚབ་ཅེས་པར་གོ་དགོས)བཤད་པའི་གེ་སར་ནི། ཁྲོམ་གེ་སར་རྒྱལ་པོ་སྟེ། ལོ་རྒྱུས་ཡིག་ཆ་མང་པོར་གེ་སར་དམག་གི་རྒྱལ་པོ་ཞེས་བཤད་སྲོལ་ཡོད་པ་དེ་ཡིན་ཅིང༌། དེ་ནི་གླིང་གེ་སར་རྒྱལ་པོ་ཟེར་བ་དེ་མིན་པར། སོག་པོ་ཇུན་གར་གྱི་མི་བརྒྱུད་སྔོན་མ་སོག་རིགས་ཀྱི་གེ་སར་ལ་གོ་དགོས་པ་སྟེ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི<<ལྕད་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར>>ལྷ་ས་དཔར་མ་ལས། གེ་སར་དམག་གི་རྒྱལ་པོ་ཇུན་གར་ཞེས། དཔའ་རྩལ་དྲེགས་པས་དགྲ་སྡེའི་སྙིང་འདར་བ། །དེ་ཡི་ཆབ་སྲིད་མཁའ་ལ་བདུད་རྩིའི་འོད། །འགྲེམས་པའི་མི་ཡི་ཟླ་བ་མང་ཞིག་ཤར། །ཞེས་གསུངས་པ་ལྟར་གོ་དགོས་པ་མ་ཟད། སོག་པོའི་རྒྱལ་རབས་འགའ་ཞིག་ནང་བོད་ཀྱི་རྒྱལ་པོ་གྲི་གུམ་བཙན་པོའི་སྲས་གསུམ་གྱི་ཐ་ཆུང་ཉ་ཁྲི་སོག་སྐད་དུ་བོར་ཏ་ཟེ་བ་ཞེས་པར་ཀོང་པོའི་ཡུལ་ནས་བཙུན་མོ་ག་མ་རལ་ཞེས་པ་ཞིག་བླང་བ་ཁྲིད་ནས་སོག་ཡུལ་དུ་བྱོན་ཏེ། པེ་ཏ་ཞེས་པའི་མི་སྡེ་རྣམས་ཀྱིས་དཔོན་དུ་བསྐོས་པ་ལ་བོར་ཏ་ཆེ་ནོ་ཞེས་གྲགས་པ་དེ་བྱུང་ཚུལ་བཤད་ཡོད་པ་ཁུངས་བཙན་མིན་ཇི་ལྟར་ཡང༌། སྲོང་བཙན་སྒམ་པོའི་སྔོན་ནས་སོག་ཡུལ་དུ་སྙན་གྲགས་ཅན་གྱི་རྒྱལ་བརྒྱུད་མང་ཙམ་བྱུང་ཡོད་པ་ངེས་ཅན་དང༌། དེ་འདྲའི་གྲས་ནས་དཔལ་རྩལ་ཅན་གྱི་རྒྱལ་པོ་ཞིག་བྱུང་བ་དེ་ལ་བོད་ཀྱི་ལོ་རྒྱུས<<བཀའ་ཆེམས་ཀ་ཁོལ་མ>>སོགས་ལས་ཁྲོམ་གེ་སར་དམག་གི་རྒྱལ་པོ་ཞེས་པའི་བཤད་སྲོལ་དེ་བྱུང་བ་ཡིན་ནམ་སྙམ་ཞིང༌། ཇུན་གར་གྱི་རྒྱལ་རབས་སྐོར། འོག་ཏུ་ཇུན་གར་གྱི་རྒྱལ་པོ་ཚེ་དབང་རབ་བརྟན་ཞེས་པའི་འགྲེལ་བཤད་ལ་གཟིགས། གཞན་ཡང་གེ་སར་རྒྱལ་པོའི་སྐོར་གྱི་དཔྱད་བརྗོད་ཁག་མང་པོ་ཡོད་པ་དང༌། དེའི་ནང་ནས་རྒྱས་བསྡུས་འཚམས་ལ་དཔྱད་གཞི་ཅུང་ཟད་ཆ་ཚང་བ་ནི། བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་ཚན་ཁག་གི་དགེ་རྒན་ཆེན་མོ་སྐུ་གཞོན་སྟོབས་རྒྱལ་ལགས་ཀྱིས་བྲིས་པའི་ཆེད་རྩོམ<<གླིང་གེ་སར་རྒྱལ་པོའི་སྒྲུང་ནང་གི་གནད་དོན་འགའ་ཞིག་གླེང་བ>>ཞེས<<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>>༡༩༨༦ལོའི་དུས་དེབ་དང་པོ་དང༌། ༡༩༨༨ལོའི་དུས་དེབ་གཉིས་པར་གསལ།
- language:
- Tibetan
2. Thupten Phuntsok Dictionary
(1) བོད་ཀྱི་གནའ་བོའི་ལོ་རྒྱུས་ནང་གི་རྒྱལ་པོ་ཞིག་ཡིན། ཞིབ་པ་གླིང་གེ་སར་རྒྱལ་པོའི་འགྲེལ་བཤད་འོག་ཏུ་གསལ་བར་ལྟར་རོ།། (2)དེང་དུས་ཡུ་གུའི་ཁོངས་སུ་གཏོགས་པའི་ཁྲོམ་གེ་སར་རྒྱལ་པོ་ཟེར་བའི་དཔོན་ཞིག
- language:
- Tibetan