- go bo rab 'byams pa bsod nams seng ge
- ID:
- T226538
- གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ (Tibetan, Tibetan script, Original)
- > go bo rab 'byams pa bsod nams seng ge (Tibetan, Latin script, Transliteration-THL Extended Wylie Transliteration)
- > gowo rabjam pa sönam sengé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ས་སྐྱའི་མཁས་པ་ཆེན་པོ་གོ་ཤག་གཉིས་ཞེས་གྲགས་པའི་ནང་ཚན་ཞིག་སྟེ། བར་ཁམས་གོ་བོའི་ཡུལ་དུ་རབ་བྱུང་བདུན་པའི་ས་བྱ(༡༤༢༩)ལོར་འཁྲུངས། དགུང་ལོ་བཅུ་པ་ས་རྟ་ལོར་སློབ་དཔོན་ཀུན་དགའ་འབུམ་གྱི་དྲུང་དུ་རབ་བྱུང་ཞུས། དགུང་ལོ་བཅུ་དགུ་པ་རབ་བྱུང་བརྒྱད་པའི་མེ་ཡོས་ལོར་མཁན་པོ་དེ་ཉིད་དང༌། རབ་འབྱམས་པ་ཤེས་རབ་དཔལ་སོགས་བསྟེན་ནས་གཞུང་ཆེན་པོ་ལྔ་ལ་སློབ་གཉེར་ལེགས་པར་མཛད། འཕན་པོ་ན་ལནྡྲར་རོང་སྟོན་ཆེན་པོ་དང༌། འབྲས་ཡུལ་སྐྱེད་ཚལ་དུ་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་གཉིས་བསྟེན་ནས་ལོ་ངོ་ལྔའི་རིང་མདོ་སྔགས་གྱི་གཞུང་མང་པོར་སློབ་གཉེར་མཛད་དེ་མཁས་པའི་གྲགས་པ་ཕྱོགས་ཀུན་དུ་ཁྱབ་པ་བྱུང༌། དགུང་ལོ་ཉེར་དྲུག་པ་ཤིང་ཁྱི་ལོར་ངོར་ཨེ་ ཝཾ ་ཆོས་ལྡན་དུ་བྱོན་ནས་ངོར་ཆེན་ཀུན་དགའ་བཟང་པོ་བླ་མར་བསྟེན་ཏེ་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་གསན་ནས་ལོ་བཞི་རིང་བཞུགས། ངོར་ཆེན་སྐུ་གཤེགས་རྗེས་མུས་ཆེན་རིན་པོ་ཆེ་སོགས་བླ་མ་མང་དུ་བསྟེན་ནས་ས་ལུགས་ལམ་འབྲས་ཀྱི་ཆོས་སྐོར་སོགས་ཡོངས་སུ་རྫོགས་པ་གསན། དེ་རྗེས་དགུང་ལོ་སོ་གཉིས་པ་ལྕགས་འབྲུག་ལོར་མདོ་ཁམས་ཕྱོགས་སུ་ཕེབས་ནས་མི་རིང་བར་འབྲས་ཡུལ་སྐྱེད་ཚལ་གྱི་གདན་སར་ཕྱིར་ཕེབས་གནང་ཐོག།ལྕགས་སྦྲུལ་ལོ་ནས་ལོ་བཞིའི་རིང་ཟུར་འཆད་སློབ་དཔོན་གནང་ཞིང<<ཀྱེི་རྡོར་གཞི་བསྙེན་བྱ་ཚུལ>><<ཕར་ཕྱིན་ཡུམ་དོན་རབ་གསལ>>བརྩམས། དགུང་ལོ་སོ་བརྒྱད་པ་མེ་ཁྱི་ལོར<<ཀུན་རིག་རྩོད་སྤོང>>དང༌། <<ཀྱི་རྡོར་རྩོད་སྤོང>>སོགས་མཛད་ཅིང༌། རིན་སྤུངས་དོན་གྲུབ་རྡོ་རྗེས་སྦྱིན་བདག་ཞུས་ཏེ། རྟ་ནག་གསེར་གླིང་དགོན་པ་ཕྱག་བཏབ་སྟེ་ལོ་བརྒྱད་ཀྱི་རིང་གནས་དེར་བཞུགས་ནས་ཆོས་རྒྱུན་མང་པོ་འཆད་སྤེལ་མཛད། དགུང་ལོ་ཞེ་ལྔ་པ་ཆུ་སྦྲུལ(༡༤༧༣)ལོར་རྟ་ནག་ཐུབ་བསྟན་རྣམ་རྒྱལ་དགོན་ཕྱག་བཏབ་ནས་ལོ་དགུ་ལྷག་ཙམ་རིང་གནས་དེར་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། དགུང་ལོ་ང་ལྔ་པ་ཆུ་ཡོས(༡༤༨༣)ལོར་ངོར་ཨེ་ཝོ་ཆོས་ལྡན་གྱི་མཁན་པོའི་ཁྲིར་ཕེབས་ནས་ལོ་བཞིའི་རིང་གདན་ས་བསྐྱངས། དགུང་ལོ་རེ་གཅིག་པ་རབ་བྱུང་བརྒྱད་པའི་ས་བྱ(༡༤༨༩)ལོར་ས་སྐྱ་དང༌། སྔོན་མོ་རྫོང་རྡོ་རྗེ་གདན་གཉིས་སུ་ཆོས་རྒྱུན་འཆད་སྤེལ་གནང་མུས་སུ་སྐ་གཤེགས། གསུང་རྩོམ་སྐོར། ཕར་ཕྱིན་དང་ཚད་མ་སྡོམ་གསུམ་སོགས་པོད་བརྒྱད་ཙམ་སྡེ་དགེ་པར་ཁང་ཆེན་མོར༌དཔར་མ་ཡོད་ཅིང༌། གསུང་རྩོམ་མང་པོའི་ནང་རྗེ་ཙོང༌ཁ་པའི་བཞེད་པ་ལ་དགག་པ་གནང་ཡོད་པ་མ་ཟད། ལྷག་པར<<དབུ་མ་འཇུག་པའི་འགྲེལ་པ་ལྟ་བ་ངན་སེལ>>ཞེས་བྱ་བ་བརྩམས་པར་མཛད་པའི་ནང༌རྗེ་ཙོང་ཁ་པའི་གསུང་རྩོམ<<དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ>>གྱི་ལུང་ཚིག་མང་པོ་དྲངས་ནས་དགག་པ་མཛད་ཡོད་ཅིང༌། དེ་ལ་འབྲས་སྤུངས་མཁན་རབས་བརྒྱད་པ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་རབ་བྱུང་བརྒྱད་པའི་མེ་བྱ(༡༤༧༧)ལོར<<གོ་ལན་གནམ་ལྕགས་འཁོར་ལོ>>ཞེས་པ་ཞིག་མཛད་ནས་འགྲེམས་སྤེལ་གནང༌། དེ་ནས་ལོ་བཅུ་གསུམ་པ་ས་བྱ(༡༤༨༩)ལོར་གོ་བོ་རབ་འབྱམས་པ་སྐུ་གཤེགས་པ་ཡིན། དམ་པ་འདིའི་ལྟ་བའི་བཞེད་ཚུལ་སྐོར་ས་སྐྱ་པཎ་ཆེན་དང༌། རྗེ་བཙུན་རེད་མདའ་བ་སོགས་ས་ཆེན་གོང་མ་རྣམས་ཀྱིས་བཞེད་པའི་དབུ་མའི་ལྟ་བ་དང་མི་མཐུན་པར་ཡོད་མེད་གཉིས་ཀའི་སྤྲོས་པ་དང་བྲལ་ཞིང༌། བདེན་མེད་དང་བདེན་གྲུབ་གཉིས་ཀའི་མཐའ་ལས་འདས་པའི་དབུ་མའི་ལྟ་བ་དེ་ནི། མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་ཟླ་བ་གྲགས་པའི་དགོངས་པ་ལས་ཚད་མཐོ་བ་ཞིག་ཡིན་པར་བཞེད། རྣམ་ཐར་སྐོར<<ཀུན་མཁྱེན་བསོད་ནམས་སེང་གེའི་རྣམ་ཐར་རྨད་དུ་བྱུང་བའི་ཡོན་ཏན་གྱི་མཛོད་དད་པ་སྐྱེད་བྱེད>>མུས་ཆེན་སངས་རྒྱས་རིན་ཆེན་གྱིས་མཛད་པའི<<ལམ་འབྲས་བླ་བརྒྱུད་རྣམ་ཐར་ཕྱོགས་བསྒྲིགས>>སྡེ་དགེ་དཔར་མ་པོད་གཉིས་པའི་ཤོག་གྲངས༡༡༡ནས༡༢༣བར་ཡོད། ཡང<<ཀུན་མཁྱེན་མཁས་པའི་དབང་པོ་བསོད་ནམས་སེང་གེའི་མཚན་ཅན་གྱི་རྣམ་ཐར་དད་པའི་ཆུ་རྒྱུན་སྤེལ་བ>>དངོས་སློབ་བྱམས་པ་རབ་བརྟན་གྱིས་མཛད་པ། གོང་གསལ་རྣམ་ཐར་ཕྱོགས་བསྒྲིགས་པོད་གཉིས་པའི་ཤོག་གྲངས༡༢༨ནས༡༥༨བར་ཡོད་པ་བཅས་ལ་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
གཙང་ངོར་དགོན་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དྲུག་པ་ཡིན། ངོར་ཆེན་གྱིས་ཨེ་ཝཾ་ཆོས་ལྡན་ཕྱག་བཏབ་ལོ་རབ་བྱུང་བདུན་པའི་ས་བྱ་སྤྱི་ལོ་ (༡༤༢༩) ལོར་མདོ་ཁམས་གོ་འཇོའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་ཉེར་དྲུག་པར་ངོར་ཆེན་ལས་བསྙེན་པར་རྫོགས། འབྲས་ཡུལ་སྐྱེད་ཚལ་དུ་སློབ་གཉེར་མཛད། མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་ཡང་རྩེར་སོན། གསུང་འབུམ་པོད་བཅུ་གསུམ་ཙམ་བཞུགས་པ་རྣམས་ད་ལྟ་ཡང་དཔལ་ས་སྐྱའི་ཆོས་གྲྭ་རྣམས་སུ་འཆད་ཉན་དར་རྒྱས་ཆེ། རྗེ་བཙུན་གོང་མའི་གསུང་རབ་ཀྱི་དགོངས་པ་འགྲེལ་པ་ལ་འགྲན་ཟླ་བྲལ་བའི་མཁས་པར་ཡོངས་སུ་གྲགས། གཙོ་ཆེར་རྟ་ནག་ཐུབ་བསྟན་རྣམ་རྒྱལ་དུ་གདན་ས་མཛད། རབ་བྱུང་བརྒྱད་པའི་ཆུ་མོ་ཡོས་སྤྱི་ལོ་༡༤༨༣ལོ་དགུང་ལོ་ང་ལྔར་ཕེབས་སྐབས་ཨེ་ཝཾ་ཆོས་ལྡན་གྱི་གདན་སའི་ཁུར་བཞེས་ཏེ་གདན་ས་ལོ་གསུམ་མཛད། དགུང་ལོ་རེ་གཅིག་པ་ས་བྱ་སྤྱི་ལོ་༡༤༨༩ལོའི་ཟླ་བ་དང་པོའི་ཚེས་ཉེར་གཅིག་ལ་སྔོ་མོ་རྫོང་དུ་སྐུ་གཤེགས་སོ། །
- language:
- Tibetan
3. gangs can mkhas grub rim byon ming mdzod
[261] ཁོང་ནི་རབ བྱུང་བདུན་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ 1429 ལོར་ཁམས་འབོམ་ཡུལ་དུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ 1489 ལོར་ས་སྐྱ་དགོན་དུ་སྐུ་གཤེགས། དགུང་ལོ་བརྒྱད་པར་བླ་མ་ཀུན་དགའ་འབུམ་ལས་དགེ་བསྙེན་གྱི་སྡོམ་པ་བླངས། དེ་ནས་ཡི་གེའི་འབྲི་ཀློག་དང་། བྱམས་ཆོས་སྡེ་ལྔ། རོང་ཊིཀ་ཆ་ཚང་། གཡག་ཊིཀ་ཆེན་མོ་སོགས་རིམ་གྱིས་ཐུགས་འཛིན་མཛད། དགུང་ལོ་བཅུ་གསུམ་པར་ཀྱཻ་རྡོ་རྗེ་སོགས་གསང་སྔགས་ཀྱི་དབང་ལུང་མང་པོ་ཞུས། དགུང་ལོ་བཅུ་དགུ་པར་གཙང་དུ་གྲྭ་སྐོར་ལ་ཕེབས། རོང་སྟོན་ཆོས་རྗེ་ཉི་མ་དང་། བླ་མ་ཤེས་རབ་དཔལ་སོགས་ལས་དབང་ལུང་མང་དུ་ཞུས། དགུང་ལོ་ཉེར་ལྔ་པར་ཨེ་ཝཾ་དགོན་དུ་འཇམ་དབྱངས་ཀུན་དགའ་བཟང་པོ་ལས་ལོ་གསུམ་རིང་རྒྱུད་སྡེ་བཞི་སོགས་གསང་སྔགས་སྐོར་གྱི་ཆོས་མང་པོ་གསན། དགུང་ལོ་ཉེར་བདུན་པར་མཁན་པོ་མུས་ཆེན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དཀོན་མཆོག་རྒྱལ་མཚན་ལས་ལམ་འབྲས་གཞུང་བཤད་གསན་པ་སོགས་མཁས་ཆེན་དམ་པ་བཅོ་བརྒྱད་ཙམ་ལ་བསྟེན་པས་མདོ་སྔགས་རིག་གནས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་། གངས་ཅན་མཁས་མང་ཀུན་གྱི་གཙུག་རྒྱན་དུ་གྱུར། དགུང་ལོ་སོ་གཅིག་པ་ནས་བཟུང་འཆད་ཉན་མཛད་དེ་ཀུན་རིག་དང་། ཀྱཻ་རྡོ་རྗེ། གསང་འདུས་སོགས་ལ་ལོག་སྨྲའི་རྒོལ་བ་མ་ལུས་པར་ཚར་བཅད། མདོ་ཕྱོགས་ཀྱི་བཤད་པ་ཉིན་རེར་ཆོས་ཐུན་བཅུ་རེ་ཙམ་མཛད། དགུང་ལོ་ཞེ་ལྔ་པར་རྟ་ནག་ཐུབ་བསྟན་རྣམ་རྒྱལ་བཏབ། དགུང་ལོ་ང་གཅིག་[262]པར་ས་སྐྱར་ཕེབས་ནས་རྟེན་ཁྱད་འཕགས་ཅན་དང་དགེ་འདུན་མང་ཚོགས་ལ་མཆོད་པ་དང་བསྙེན་བཀུར་རྒྱ་ཆེན་མཛད། དགུང་ལོ་ང་གསུམ་པར་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ནས་གདན་ས་ལོ་ལྔར་བཟུང་། དགུང་ལོ་ང་བརྒྱད་པར་རྒྱལ་མཚན་དཀོན་མཆོག་འཕེལ་གདན་སར་བཀོད་ནས་ཟུར་བཞུགས་མཛད། དགུང་ལོ་དྲུག་ཅུ་པར་ས་སྐྱར་ཕེབས་ཏེ་རྟེན་བཞུགས་རྣམས་ལ་མཆོད་སྤྲིན་རྒྱ་མཚོ་ལྟ་བུ་ཕུལ། སྐུ་ཚེ་གང་བོར་འཆད་རྩོད་རྩོམ་གྱིས་དུས་འདའ་བར་མཛད། ཁོང་གི་གསུང་རྩོམ་ནི《རྟགས་འཇུག་གི་ཊིཀ》དང་། 《ཚད་མ་གྲུབ་པའི་ལེའུ》། 《མངོན་སུམ་ལེའུ》། 《ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར》《དྲིས་ལན་པདྨོ་བཞད་པ》བཅས་ཆོས་ཚན་དོན་དགུ་ཡོད་པ་པོད་བཅུ་གསུམ་དུ་བསྡུས་ནས་བཞུགས་སོ།།
- language:
- Tibetan