Skip to main content Skip to search
gong dkar rdo rje gdan pa kun dga' rnam rgyal
ID:
T226572
  • གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ (Tibetan, Tibetan script, Original)
    • > gong dkar rdo rje gdan pa kun dga' rnam rgyal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > gong kar dorjé denpa kün ga namgyal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

མཚན་གཞན་ཐུ་མི་ཀུན་དགའ་རྣམ་རྒྱལ་ཡང་ཞུ། ལྷོ་ཁ་གྲ་ནང་རྒྱལ་ཆེན་གླིང་དུ་ཡབ་ཐོན་མི་སམ་བྷོ་ཊའི་གདུང་རྒྱུད་རྒྱལ་བ་ཤེས་རབ་དང༌། ཡུམ་རྡོ་རྗེ་བདེ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཆུ་བྱི(༡༤༣༢)ལོར་འཁྲུངས། དེ་དུས་རྐྱེན་སེལ་རིམ་གྲོ་ལ<<གཟུང་གྲ་ལྔ>>ཀློག་པ་ལ་བརྟེན་ནས་ཆུང་དུས་སུ་མཚན་ལ་གྲ་ལྔ་རྒྱལ་པོར་འབོད་ཅིང༌། ཡི་གེ་འབྲི་ཀློག་སོགས་དཀའ་ཚེགས་ཆེན་པོ་མ་དགོས་པར་མཁྱེན་པས་ཡུམ་གྱི་ཐུགས་ལ་འཇིག་རྟེན་གྱི་སྲིད་སྐྱོང་བ་ཞིག་ཡོང་རྒྱུར་དགོངས་ནས<<སྐྱེ་བོ་གསོ་ཐིགས>>དང<<ས་སྐྱ་ལེགས་བཤད>><<མི་ཆོས་གནད་ཕྲེང>>སོགས་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་སྣ་ཚོགས་ཀློག་ཏུ་བཅུག་པར། ཕྱི་ཚུལ་དུ་ཡུམ་གྱི་བཀའ་མི་བཅག་པའི་ཆེད་དུ་དེ་དག་གཟིགས་ནས་ལྐོག་ཏུ་ནང་བསྟན་ཆོས་ལུགས་ཀྱི་གཞུང་མང་པོ་གཟིགས་པར་མཛད། དགུང་ལོ་བཅུ་གསུམ་པ་ཤིང་བྱི(༡༤༤༤)ལོར་ཡུམ་གྱི་ཐུགས་འདོད་ལྟར་སྣེ་གདོང་གོང་མ་གྲགས་པ་འབྱུང་གནས་ཀྱི་ཞབས་གྲས་སུ་ཕེབས། དགུང་ལོ་བཅོ་ལྔ་པ་མེ་སྟག(༡༤༤༦)ལོར། གཞིས་ཀ་གོང་དཀར་གྱི་རྫོང་དཔོན་དུ་བསྐོས་པས་ཡོངས་གྲགས་ཀྱི་ལོ་རྒྱུས་ཡིག་ཆ་འགའ་ཞིག་ནང་དཔོན་ཆེན་གྲ་ལྔ་ཞེས་འཁོད་ཡོད། བུ་མོ་ཞིག་ཁབ་ཏུ་བཞེས་ཏེ་སྲས་ཀྱང་ཡོད། དགུང་ལོ་ཉི་ཤུ་པ་རབ་བྱུང་བརྒྱད་པའི་ལྕགས་ལུག་(༡༤༥༡)ལོར་བྲག་ཐོག་པ་བསོད་ནམས་བཟང་པོའི་དྲུང་དུ་རབ་བྱུང་མཛད། དགུང་ལོ་ཉེར་བདུན་པ་ས་སྟག་(༡༤༥༨)ལོར་པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་ཞུས་པའི་མཚན་ཀུན་དགའ་རྣམ་རྒྱལ་ཞེས་གསོལ། དགུང་ལོ་བཞི་བཅུ་ཞེ་གསུམ་པ་ཤིང་རྟ(༡༤༧༤)ལོར་པཎ་ཆེན་དེ་ཉིད་ཀྱི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། བྲག་ཐོག་པ་བསོད་ནམས་བཟང་པོ་ལས་ས་ལུགས་ཀྱི་ཆོས་སྐོར་དང༌། པཎ་ཆེན་བྱམས་པ་གླིང་པ་ལས་རིག་གནས་དང་དུས་འཁོར། ཤར་ཆེན། གཞན་ཡང་རྒྱ་གར་གྱི་པཎྜི ་ཏ་ནགས་ཀྱི་རིན་ཆེན་དང༌། སྙེ་མདོ་སྔགས་འཆང་ཤཀྱྰ་དཔལ་སོགས་བླ་མ་ཉི་ཤུ་རྩ་བཞི་ཙམ་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་ཧ་ཅང་མང་པོ་ཞིག་གསན། དགུང་ལོ་སོ་གསུམ་པ་ཤིང་སྤྲེལ(༡༤༦༤)ལོར་གོང་དཀར་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོ་ཕྱག་བཏབ(འདི་ལ<<ཞ་ལུའི་ཆོས་འབྱུང>>དཔར་མའི་ཤོག་གྲངས༨༨པར། དགུང་ལོ་སོ་གསུམ་པ་ས་སྤྲེལ་ཞེས་གསལ་བའི་ལོ་ཁམས་ནོར་ཡོད། དོན་ལ་ཤིང་སྤྲེལ་ཡིན)ཆོས་སྡེ་ཆེན་པོ་འདིའི་རྟེན་དང་བརྟེན་གནས་ཡོངས་རྫོགས་གྲུབ་པར་ལོ་སྐོར་གཅིག་སྟེ་ལོ་བཅུ་གཉིས་འགོར་ཞིང༌། གོང་དུ་འཁོད་པ་ལྟར་རྒྱུད་སྡེ་ཁག་མང་པོའི་སྒྲུབ་མཆོད་ཕྱག་བཞེས་ཀྱི་རིགས་གསར་འཛུགས་གནང༌། རྒྱུན་དུ་ཐུགས་དམ་ཉམས་བཞེས་གཙོར་འདོན་མཛད། ཉམས་རྟོགས་ཕུལ་དུ་བྱུང་བ་བརྙེས། དགུང་ལོ་དྲུག་ཅུ་རེ་ལྔ་པ་རབ་བྱུང་བརྒྱད་པའི་མེ་འབྲུག(༡༤༩༦)ལོར་གདན་ས་འདི་རང་དུ་སྐུ་གཤེགས། གསུང་རྩོམ་སྐོར<<རྡོ་རྗེ་གླུ་གར་གྱི་བཤད་པ་ཀུན་བཟང་རོལ་པའི་དཔུང་གཉེན>><<འཆམ་ཡིག>>སོགས་ལེ་ཚན་ཉི་ཤུ་ཐམ་པའི་དཀར་ཆག་ཅིག་བླ་བྲང་རྗེ་ཤེས་རབ་རྒྱ་མཚོས་མཛད་པའི<<དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག>>ཤོག་གྲངས༥༦ནས་༥༧བར་གསལ། རྣམ་ཐར་ལོ་རྒྱུས་སྐོར་ཞ་ལུ་བློ་བཟང་བསྟན་སྐྱོང་གིས་མཛད་པའི<<ཞ་ལུའི་ཆོས་འབྱུང>>ཤིང་དཔར་མའི་ཤོག་གྲངས༨༦ནས༨༨བར་གསལ།

language:
Tibetan

2. Thupten Phuntsok Dictionary

མཚན་གཞན་ཐུ་མི་ཀུན་དགའ་རྣམ་རྒྱལ་ཡང་ཞུ། ལྷོ་ཁ་གྲ་ནང་རྒྱལ་ཆེན་གླིང་དུ་ཡབ་ཐོན་མི་སམ་བྷོ་ཊའི་གདུང་རྒྱུད་རྒྱལ་བ་ཤེས་རབ་དང་། ཡུམ་རྡོ་རྗེ་བདེ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཆུ་བྱི (༡༤༣༢) ལོར་འཁྲུངས། དེ་དུས་རྐྱེན་སེལ་རིམ་གྲོ་ལ་གཟུང་གྲ་ལྔ་ཀློག་པ་ལ་བརྟེན་ནས་ཆུང་དུས་སུ་མཚན་ལ་གྲ་ལྔ་རྒྱལ་པོར་འབོད་ཅིང་། ཡི་གེ་འབྲི་ཀློག་སོགས་དཀའ་ཚེགས་ཆེན་པོ་མ་དགོས་པར་མཁྱེན་པས་ཡུམ་གྱི་ཐུགས་ལ་འཇིག་རྟེན་གྱི་སྲིད་སྐྱོང་བ་ཞིག་ཡོང་རྒྱུར་དགོངས་སྐྱེ་བོ་གསོ་ཐིགས་དང་། ས་སྐྱ་ལེགས་བཤད། མི་ཆོས་གནད་ཕྲེང་སོགས་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་སྣ་ཚོགས་ཀློག་ཏུ་བཅུག་པར། དགུང་ལོ་སོ་གསུམ་པ་ཤིང་སྤྲེལ (༡༤༦༤) ལོར་གོང་དཀར་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོ་ཕྱག་བཏབ། དགུང་ལོ་དྲུག་ཅུ་རེ་ལྔ་པ་རབ་བྱུང་བརྒྱད་པའི་མེ་འབྲུག (༡༤༩༦) ལོར་གདན་ས་འདི་རང་དུ་སྐུ་གཤེགས།

language:
Tibetan