- gong ma chen lung
- ID:
- T226595
- གོང་མ་ཆེན་ལུང (Tibetan, Tibetan script, Original)
- > gong ma chen lung (Tibetan, Latin script, Transliteration-THL Extended Wylie Transliteration)
- > gongma chen lung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(乾隆)མན་ཆིང་རྒྱལ་རབས་ཀྱི་གོང་མ་ཧྲུན་ཀྲི(顺治)ནས་ཁྲི་ཐོག་བཞི་པ། མཚན་དངོས་ཆིང་ཀའོ་ཙུང་ཧུའང་རླིས(弘历)ཟེར་ཞིང༌། གོང་མ་འདིའི་ཁྲི་ལོའི་མིང་ལ་ཆེན་ལུང་ཞེས་འབོད་པ་དེ་གོང་མའི་མཚན་གྱི་ཚབ་ཏུ་འབོད་སྲོལ་བྱུང༌། གོང་མ་ཡུང་ཀྲེང(雍正)གི་སྲས་བཞི་པ་ཡིན་ཅིང༌། རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས(༡༧༡༡)ནས་རབ། བྱུང་བཅུ་གསུམ་པའི་ས་ལུག(༡༧༩༩)བར་ལོ་བརྒྱད་ཅུ་གྱ་དགུ་བཞུགས་ཤིང༌། དགུང་ལོ་ཉེར་དྲུག་པ་རབ་བྱུང་བཅུ་གཉིས་པའི་མེ་འབྲུག(༡༧༣༦)ལོར་གོང་མའི་ཁྲིར་འཁོད་པ་ནས་རབ་བྱུང་བཅུ་གསུམ་པའི་ཤིང་ཡོས(༡༧༩༥)ལོ་བར་ལོ་དྲུག་ཅུའི་རིང་གོང་མའི་སྲིད་དབང་བསྐྱངས། གོང་མ་འདི་ནི་ཀྲུང་གོའི་ལོ་རྒྱུས་ཐོག་སྙན་གྲགས་ཤིན་ཏུ་ཆེ་བའི་གོང་མ་མང་པོ་བྱུང་བའི་ནང་གི་གཅིག་ཡིན་ཅིང༌། སྲིད་དབང་བསྐྱངས་ནས་ལོ་གསུམ་པ་ས་རྟ(༡༧༣༨)ལོར་བོད་ཀྱི་དགོན་པ་ཁག་གི་མཆོད་རྒྱུན་གཏོང་སྒོའི་ཁ་སྣོན་དུ་དར་རྩེ་མདོའི་དངུལ་ཁང་ནས་ལོ་ལྟར་རྒྱ་དངུལ་སྲང་ལྔ་སྟོང་ཐམ་པ་རེ་གནང༌། ཁྲི་ལོ་བདུན་པ་ཆུ་ཁྱི(༡༧༤༢)ལོར་པེ་ཅིན་དུ་བསྟན་འགྱུར་སོག་སྐད་དུ་བསྒྱུར་འགོ་ཚུགས། དེའི་ཕྱི་ལོར་རྒྱ་དངུལ་སྲང་ཁྲི་བརྒྱ་དང་བརྒྱད་ཅུའི་འགྲོ་གྲོན་བཏང་ནས་ལོ་སུམ་ཅུའི་རིང་ལ་བང་སོ་འཛུགས་སྐྲུན་བྱས། ཁྲི་ལོ་དགུ་པ་ཤིང་བྱི(༡༧༤༤)ལོར་ཡབ་ཆེན་གོང་མ་ཡུང་ཀྲེང་སྐུ་གཤེགས་པའི་ས་གནས་དེར་ཡུང་ཧོ་ཀུང(雍和宫)ངམ་དགའ་ལྡན་བྱིན་ཆགས་གླིང་དགོན་པ་གསར་བཞེངས་ཐོག་གྲྭ་ཚང་བཞི་གསར་འཛུགས་གནང༌། ཁྲི་ལོ་ཉི་ཤུ་པ་ཤིང་ཕག(༡༧༥༥)ལོར་ཇུན་གར་གྱི་སྲིད་འཛིན་ཟླ་བ་ཆིས་ཧྲ་ཧོང་ཨུ་རུ་སུ་ལ་རྒྱབ་རྟེན་བཅོལ་ནས་བསླངས་པའི་ཟིང་འཁྲུག་ལྷིང་འཇགས་བཏང་བར་རྒྱལ་ཁ་ཐོབ་པའི་དྲན་གསོའི་ཆེད་དུ་ཁྲེང་ཏེར་བོད་ཀྱི་བསམ་ཡས་གཙུག་ལག་ཁང་གི་འདྲ་བཟོའི་ལྷ་ཁང་ཧྥུ་ཉིང་སི་བཞེངས། ཁྲི་ལོ་སུམ་ཅུ་སོ་གཉིས་པ་མེ་ཕག(༡༧༦༧)ལོ་ནས་འགོ་བཙུགས་ཏེ་ལོ་བཞིའི་རིང་ལྷ་སའི་ཕོ་བྲང་པོ་ཏ་ལའི་འདྲ་བཟོའི་ལྷ་ཁང་ཆེན་པོ་ཞིག་རེ་ཧོ་ས་ཆ(དེང་སང་གི་ཁྲེང་ཏེ)ལྟེ་བའི་བྱང་ངོས་ཀྱི་རི་ལྡེབས་སུ་གསར་བཞེངས་གནང༌། ཁྲི་ལོ་ཞེ་ལྔ་པ་ལྕགས་བྱི(༡༧༨༠)ལོར་གོང་མ་རང་ཉིད་དགུང་ལོ་བདུན་ཅུར་ཕེབས་པའི་སྦ་ཡེར་གྱི་དགའ་སྟོན་དུ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་པེ་ཅིན་དུ་གདན་དྲངས་ཤིང༌། དེའི་བཞུགས་ཡུལ་ཆེད་དུ་གོང་གསལ་གྲོང་ཁྱེར་དེའི་ཕོ་བྲང་དང་ཐག་ཉེ་བན་བཀྲ་ཤིས་ལྷུན་པོའི་དགོན་གནས་ལྷ་ཁང་དང་བཅས་པ་གསར་བཞེངས་གནང་ཞིང༌། ཕྱོགས་མཚུངས་གོང་མ་རང་ཉིད་རབ་བྱུང་གི་ཆས་གོས་བཞེས་པའི་འདྲ་ཐང་མི་ཉུང་བ་ཞིག་བཞེངས་ནས་ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་དང༌། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པ། ལྕང་སྐྱ་རིན་པོ་ཆེ། དེ་མོ་རིན་པོ་ཆེ། ཁལ་ཁ་རྗེ་བཙུན་དམ་པ་རིན་པོ་ཆེ་སོགས་ལ་ཕུལ་བས་མཚོན་གོང་མ་རང་ཉིད་ནང་བསྟན་ཆོས་ལུགས་ལ་དད་ཞེན་ཡོད་མེད་ཇི་ལྟར་ཡང་ཀུན་གྱིས་ལྟ་སྣང་དུ་ནང་སྟན་ཆོས་ལུགས་ལ་དད་པ་ཧ་ཅང་ཆེ་བའི་རྣམ་པ་བསྟན་པ་དེས་བོད་སོག་མི་རིགས་ཁག་གི་མི་དམངས་རྣམས་རྒྱལ་གཅེས་ཀྱི་བསམ་བློ་གཅིག་སྒྲིལ་ཡོང་བར་ཕན་འབྲས་ཆེན་པོ་ཐོན་ཡོད་པ་སྟེ། མེས་རྒྱལ་གོང་བུ༌གཅིག་གྱུར་སྲ་བརྟན་དུ་གཏོང་ཆེད་རྒྱལ་ནང་གི་ཁ་ཕྲལ་སྟོབས་ཤུགས་དང་ཕྱི་ནས་ཡོང་བའི་བཙན་འཛུལ་པ་བཅས༌ལ་ནུས་ལྡན་གྱི་རྒོལ་ལན་སྤྲད་དེ་མེས་རྒྱལ་གྱི་ནུབ་བྱང་དང༌། ལྷོ་ཕྱོགས། ལྷོ་ནུབ་བཅས་ཀྱི་མཐའ་མཚམས་བརྟན་སྲུང་ལ་ཤུགས་སྣོན་བྱུང་ཡོད། ཁྲི་ལོ་བཅོ་ལྔ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ(༡༧༥༠)ལོར་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱི་བུ་འགྱུར་མེད་རྣམ་རྒྱལ་གྱིས་མན་ཆིང་སྲིད་གཞུང་ལ་ངོ་རྒོལ་གྱི་ནང་འཁྲུག་བསླངས་པ་ཞི་འཇགས་སུ་བཏང་རྗེས། དེའི་ཕྱི་ལོར་བོད་ས་གནས་སུ་བར་སྐབས་ལག་བསྟར་བྱས་པའི་སྡེ་སྲིད་ལམ་ལུགས་མི་དགོས་པར་བཟོས་ཏེ་བཀའ་ཤག་སྲིད་གཞུང་སླར་ཡང་བཙུགས་ཐོག། ང་མའི་སྐུ་ཚབ་ཨམ་བན་གཉིས་རེ་བོད་དུ་བཅའ་སྡོད་བྱེད་འགོ་ཚུགས་ཤིང༌། ཏཱ་ལའི་བླ་མས་གཙོ་བོ་གནང་བའི་བོད་ས་གནས་ཀྱི་སྲིད་དབང་ལ་ནུས་ལྡན་གྱི་ཤུགས་སྣོན་ཡོང་ཆེད་བོད་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གྱི་རྩ་འཛིན་དོན་ཚན་བཅུ་གསུམ་འཁོད་པའི་རྩ་འཛིན་གཏན་འབེབས་གནང༌། ཁྲི་ལོ་བཅུ་དགུ་པ་ཤིང་ཁྱི(༡༧༥༤)ལོར་ཇུན་གར་རྒྱལ་པོའི་རྒྱུད་འཛིན་ཟླ་བ་ཆི་དང༌། ཨ་མོར་སན་ན་གཉིས་སྲིད་དབང་འཕྲོག་རེས་བྱས་པའི་ནང་ཨ་མོར་སན་ན་ཕམ་ཉེས་བྱུང་བར་བརྟེན་ཤིན་ཅང་ནས་ཁྲེང་ཏེ་ལ་ཡོང་སྟེ་གོང་མ་ཆེན་ལུང་ལ་རོགས་སྐྱོར་ཞུས་པར་གོང་མས་གོ་སྐབས་དེ་དང་བསྟུན་ནས་ཇུན་གར་གྱི་རྒྱལ་པོ་ཟླ་བ་ཆི་ལ་དམག་དྲངས་ཏེ་ཕམ་ཉེས་སུ་བཏང་ཞིང༌། ཟླ་བ་ཆི་འཛིན་བཟུང་བྱས། རྗེས་སུ་ཨ་མོར་སན་ནས་ཀྱང་ཧྲ་ཧོང་ཨུ་རུ་སུ་ལ་མགོ་བཏགས་ནས་མན་ཆིང་སྲིད་གཞུང་ལ་ངོ་རྒོལ་གྱི་ཟིང་འཁྲུག་བསླངས། ཁྲི་ལོ་ཉི་ཤུ་རྩ་གསུམ་པ་ས་སྟག་(༡༧༥༨)ལོར་སླར་ཡང་ཇུན་གར་ལ་དམག་དཔུང་བཏང་ནས་ཇུན་གར་ས་ཆ་མི་སྡེ་བཅས་ཚང་མ་གཞི་ནས་མངའ་འོག་ཏུ་བསྡུས། ཁྲི་ལོ་སོ་དྲུག་གི་ཡོས(༡༧༧༡)ལོར་རྒྱལ་རོང་ཆུ་ཆེན་རབ་བརྟན་རྒྱལ་པོས་མན་ཆིང་སྲིད་གཞུང་ལ་ངོ་རྒོལ་གྱི་དམག་འཁྲུག་བསླངས་པར་རྒྱལ་ཡོངས་ཀྱི་དམག་དཔུང་ཕྱེད་ཀ་ཙམ་བཏང་རྣས་ལོ་བཅུ་གཉིས་རིང་དམག་འཐབ་བྱས་མཐར་ཟིང་འཁྲུག་དེ་གཏོར་ཕམ་བཏང༌། ཁྲི་ལོ་ང་དྲུག་པ་ལྕགས་ཕག(༡༧༩༡)ལོར་གོར་ཥ་བཙན་འཛུལ་དམག་གིས་བོད་ས་གནས་ཀྱི་གཉའ་ལམ་སྐྱིད་གྲོང་རོང་ཤར་བཅས་ཁག་གསུམ་ནས་བཙན་འཛུལ་བྱས་ཏེ་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོ་བར་སླེབས་ནས་གཏོར་བཅོམ་ཚད་མེད་བྱས་པར་གོང་མ་ཆེན་ལུང་གིས་ལྷོ་བྱང་ཁག་གཉིས་ནས་དམག་དཔུང་དང༌། དམག་རྒྱགས་ཚད་མེད་བཏང་སྟེ་གོར་ཥ་བཙན་འཛུལ་དམག་མཐར་སྐྲོད་བཏང་ཞིང༌། དམག་ལམ་འཁེལ་བའི་ས་གནས་ཀྱི་མི་སེར་རྣམས་ལ་ཁྲལ་ཆག་དང༌། སྐྱོབ་གསོའི་འབྲུ་དངུལ་ཕོན་ཆེན་པོ་སྤྲད་ནས་ཚང་མས་དགའ་གུས་ཆེན་པོ་བྱུང་ཞིང༌། གོ་སྐབས་དེ་བཟུང་ནས་བོད་ས་གནས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གྱི<<ཀྲུང་ཐང་རྒྱས་དཔྱད>>དོན་ཚན་ཉི་ཤུ་རྩ་དགུ་ཡོད་པ་གཏན་འབེབས་ཐོག་ཏཱ་ལའི་བླ་མ་རིན་པོ་ཆེ་དང༌། པཎ་ཆེན་རིན་པོ་ཆེ། བོད་བཞུགས་ཨམ་བན། བཀའ་ཤག་བཅས་ཀྱི་དབང་ཚད་ཆེ་ཆུང་གི་གནས་བབས་གཏན་འཁེལ་དང་ཚང་མས་བོད་བཞུགས་ཨམ་བན་གྱི་བཀའ་གསུང་དང་ལེན་ཞུ་དགོས་པའི་གཏན་འབེབས་གསལ་པོ་བཟོ་བ་གནང་བ་བཅས། མེས་རྒྱལ་ལྷོ་ནུབ་མཐའ་མཚམས་བརྟན་སྲུང་གི་ཐད་ལ་ནུས་ལྡན་གྱི་བྱ་ཐབས་བཏོན་པ་གནང་བར་ཕན་འབྲས་ཆེན་པོ་བྱུང་ཡོད། ཁྲི་ལོ་དྲུག་ཅུ་པ་མེ་འབྲུག(༡༧༩༦)ལོར་རང་ཉིད་ཀྱི་སྲས་ཉི་ཤུ་རྩ་ལྔ་པ་ཅ་ཆིང་གོང་མའི་ཁྲིར་འཁོད་དུ་བཅུག་ནས་རང་ཉིད་ཁྲི་བཤོལ་གནང༌། དགུང་ལོ་གྱ་དགུ་པ་རབ་བྱུང་བཅུ་གསུམ་པའི་ས་ལུག(༡༧༩༩)ལོར་བསྙུན་གྱིས་ཟིན་ནས་ཡང་ཤིན་ཏེན(养心殿)དུ་གཤེགས། འདིར་བཀོད་པའི་ལོ་རྒྱུས་རྣམས་བོད་ཡིག་ཐོག་ཡོད་པ་རྣམས་ཡིན་ཅིང༌། དེ་མིན་གཞན་དག་སྐོར<<ཀྲུང་གོའི་རྒྱལ་རབས་ཀྱི་གོང་མ་རིམ་བྱུང>>ཞེས་པའི་རྒྱ་ཡིག་ཤོག་གྲངས༩༣༦་ནས༩༤༡བར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
མན་ཆིང་རྒྱལ་རབས་ཀྱི་གོང་པ་ཧྲུན་ཀྲི་ནས་ཁྲི་ཐོག་བཞི་པ། མཚན་དངོས་ཆིང་ཀའོ་ཙུང་ཧུའང་རླིས་ཟེར་ཞིང་། གོང་མ་འདིའི་ཁྲི་ལོའི་མིང་ལ་ཆིན་ལུང་ཞེས་འབོད་པ་དེ་གོང་མའི་མཚན་གྱི་ཚབ་ཏུ་འབོད་སྲོལ་བྱུང་། གོང་མ་ཡུང་ཀྲེང་གི་སྲས་བཞི་པ་ཡིན་ཅིང་། རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས (༡༧༡༡) ནས་རབ་བྱུང་བཅུ་གསུམ་པའི་ས་ལུག (༡༧༩༩) བར་ལོ་བརྒྱད་ཅུ་གྱ་དགུ་བཞུགས་ཤིང་། དགུང་ལོ་ཉེར་དྲུག་པ་རབ་བྱུང་བཅུ་གཉིས་པའི་མེ་འབྲུག (༡༧༣༦) ལོར་གོང་མའི་ཁྲིར་འཁོད་པ་ནས་རབ་བྱུང་བཅུ་གསུམ་པའི་ཤིང་ཡོས (༡༧༩༥) ལོ་བར་ལོ་དྲུག་ཅུའི་རིང་གོང་མའི་སྲིད་དབང་བསྐྱངས།
- language:
- Tibetan