- gong ma g.yung kreng
- ID:
- T226600
- གོང་མ་གཡུང་ཀྲེང (Tibetan, Tibetan script, Original)
- > gong ma g.yung kreng (Tibetan, Latin script, Transliteration-THL Extended Wylie Transliteration)
- > gongma yungtreng (Tibetan, Latin script, Transcription-THL Simplified Tibetan Transcription)
- > གོང་མ་གཡུང་ཊེང (Tibetan, Tibetan script, Alt Spelling-Variant Orthography)
- > gongma yungtreng (Tibetan, Latin script, Transcription-THL Simplified Tibetan Transcription)
- > gong ma g.yung Teng (Tibetan, Latin script, Transliteration-THL Extended Wylie Transliteration)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(雍正)ཀྲུང་གོའི་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་གསུམ་པ་ཡིན་ཅིང༌། གོང་མ་ཁང་ཤིའི་སྲས་བཞི་པ་ཡིན། རབ་བྱུང་བཅུ་གཅིག་པའི་ས་རྟ(༡༦༧༨)ལོར་འཁྲུངས། དགུང་ལོ་ཞེ་དྲུག་པ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས(༡༧༢༣)ནས་གོང་གསལ་རབ་བྱུང་གྱི་མེ་འབྲུག(༡༧༣༦)བར་ལོ་བཅུ་གསུམ་རིང་སྲིད་དབང་བསྐྱངས། ཁྲི་ལོ་གཉིས་པར་ཁྲི་ལོའི་མིང་ཡུང་ཀྲེང་ཞེས་མིང་བསྒྱུར་བྱས་པས་རྗེས་སུ་གོང་མའི་མཚན་དུ་ཆགས་ཤིང་མཚན་དངོས་ལ་དབྱིན་ཀྲེན་ཟེར། ཁྲི་ལ་འཁོད་རྗེས་སླད་ཕྱིན་གོང་མའི་མཚན་གནས་འཕྲོག་རྩོད་ཡོང་དོགས་ཀྱིས་གཅེན་པོ་ཡུའན་ཐིས་རྒྱུན་རིང་བཙོན་འཇུག་དང༌། གཅུང་པོ་ཡུའན་སི་དང་ཡུའན་ཐང་གཉིས་གོ་གནས་ཕབ་སྟེ་རྒྱུ་ནོར་གཞུང་བཞེས་བྱས། གོང་མ་ཡབ་ཆེན་ཁང་ཤིས་སྐབས་བློས་འཁེལ་བའི་བློན་ཆེན་དང་དཔོན་རིགས་མི་ཉུང་བ་ཞིག་གོ་གནས་ནས་ཕབ་པ་བཅས་བྱས་ཐོག རྒྱལ་ཡོངས་སུ་སོ་མྱུལ་བ་མང་པོ་བཙུགས་ཏེ་དམ་བསྒྲགས་གང་ཆེའི་སྒོ་ནས་རང་ཉིད་ཀྱི་གོང་མའི་དབང་ཆར་སྲུང་སྐྱོབ་བྱས་ཡོད། ཁྲི་ལ་འཁོད་པའི་ལོ་དང་པོར་མཚོ་སྔོན་གྱི་དབང་འཛིན་པ་ཆིང་ཝང་བློ་བཟང་བསྟན་འཛིན(གུ་ཤྲི་ཧན་གྱི་སྲས་ཆུང་བ་བཀྲ་ཤིས་བཱ་ཐུར་གྱི་བུ་ཡིན)སོགས་མཚོ་སྔོན་གྱི་བོད་སོག་དཔོན་རིགས་མང་པོ་ཞིག་གིས་མན་ཆིང་སྲིད་གཞུང་ལ་ངོ་རྒོལ་གྱི་འཁྲུག་ཟིང་བསླངས་པར་བརྟེན། ལོ་རྗེས་མ་དེར་ཅང་ཅུན་ཉན་ཀེང་ཡའོ་སོགས་ཀྱིས་སྣེ་ཁྲིད་པའི་དམག་དཔུང་ཁྲི་ཕྲག་ཁ་ཤས་མངགས་སྟེ་ཆམ་ལ་ཕབ་ཅིང༌། གསེར་ཁོག་དང་དགོན་ལུང་སོགས་ཟིང་འཁྲུག་དེར་ཐེ་ཇུས་ཡོད་པ་དང་དོགས་པ་ཡོད་པའི་དགོན་སྡེ་མང་པོ་མེ་ལ་བསྲེགས། སྐུ་འབུམ་དགོན་གྱི་གྲྭ་པ་རྒན་གཞོན་བསྡོམས་པའི་བདུན་བརྒྱ་ལྷག་ཙམ་སྐེ་བྲེགས། སྐུ་འབུམ་ཁྲི་པ་ཆུ་བཟང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ཟིང་འཁྲུག་དེར་ཐེ་ཇུས་གང་ཡང་མེད་རུང༌། སྐབས་དེར་ཁྲི་པ་ལས་ཐོག་པ་ཡིན་པའི་དབང་གིས་ཟི་ལིང་ཉེ་འདབས་གྲོང་ལང་དུ་སྐུ་གསོན་པོར་མེར་སྲེག་བཏང་བ་སོགས་ལོ་ཤས་རིང་མཚོ་སྔོན་ཁུལ་དུ་ཡོད་པའི་གྲྭ་བཙུན་རྣམས་ཁྱིམ་པའི་ཆས་སྤྲས་ཏེ་སྡོད་དགོས་པ་བཅས་བྱུང༌། རྗེས་སུ་ཏཱ་ལའི་བླ་མ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་དང༌། ལྕང་སྐྱ་རིན་པོ་ཆེ། ཐུའུ་བཀྭན་རིན་པོ་ཆེ་བཅས་ནས་གོང་གསལ་དགོན་པ་འཐོར་ཞིག་བྱུང་བ་རྣམས་བསྐྱར་གསོ་ཆོག་པའི་སྙན་ཞུ་ཐེངས་མང་འབུལ་གནང་མཛད་པར་བརྟེན། གོང་མའི་མཛོད་ནས་གྲོན་དངུལ་བཏང་སྟེ་ཉམས་གསོ་བྱས། དེ་སྔོན་གོང་མ་རང་ཉིད་གོང་མའི་ཁྲི་ལ་འཁོད་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་བློན་ཆེན་ལུང་ཁོའོ་ཏོའོ་དང༌། གོང་གསལ་ཅང་ཅུན་ཉན་ཀེང་ཡའོ་གཉིས་ཀྱང་བཟོད་ཐབས་བྲལ་བའི་སྡུག་སྦྱོང་མནར་གཅོད་བཏང་བའི་འོག་བཀྲོངས། ཁྲི་ལོ་ལྔ་པ་མེ་ལུག(༡༧༢༧)ལོར་བོད་ས་གནས་སུ་བཀའ་བློན་ང་ཕོད་པ་དང༌། སྦྱར་ར་བ། ལུམ་པ་བཅས་ནས་དའི་ཆིང་སྦ་དུར་དམར་གསོད་བཏང་བ་སོགས་ཀྱི་རྐྱེན་ལས་དབུས་གཙང་གཉིས་བར་ནང་འཁྲུག་བྱུང་བ་ལྷིང་འཇགས་གཏོང་ཆེད། ནང་བློན་ཨ་ལི་ཧན་སོགས་སྐུ་ཚབ་དཔོན་རིགས། དམག་དཔུང་ཁྲི་གཅིག་ལྷག་ཙམ་བཅས་བོད་ས་གནས་སུ་མངགས་ཏེ་ང་ལུམ་སྦྱར་གསུམ་ཕམ་ཉེས་སུ་བཏང་ཞིང༌། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ལ་བོད་ས་གནས་ཀྱི་སྲིད་སྐྱོང་གོ་གནས་སུ་བསྐོས་ཐོག ཧྥུ་ཏུ་ཐུང་མཱ་ལ་དང༌། ཞུའི་ཧྲི་སེང་གེ་གཉིས་བོད་དུ་རྒྱུན་སྡོད་ཨམ་བན་དུ་བསྐོ་གཞག་ཐོག ལས་དོན་གལ་ཆེའི་རིགས་བོད་བཞུགས་ཨམ་བན་ལ་སྙན་གསེང་དགོངས་སྐོར་ཞུ་དགོས་པའི་གཏན་འབེབས་བྱས། ཁྲི་ལོ་བདུན་པ་ས་སྤྲེལ་(༡༧༢༨)ལོར། དམག་དཔུང་ལ་ཐད་ཀར་བཀོད་འདོམས་དང་དབང་བསྒྱུར་ཆེད་ཅུན་ཅི་ཁྲུའུ་(军机处) གསར་དུ་བཙུགས་ཤིང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་ལྷ་རྩེ་ནས་གོང་མར་སྙན་ཞུ་ཕུལ་བའི་ནང་ཏཱ་ལའི་བླ་མ་མཆོག་དང༌། ཡབ་རྗེ་བསོད་ནམས་དར་རྒྱས་གཉིས་ཀ་ང་ལུམ་སྦྱར་གསུམ་གྱི་འཁྲུག་ཟིང་ནང་ཐེ་གཏོགས་ཡོད་ཚུལ་གྱི་སྙན་ཞུ་ཕུལ་བར་བརྟེན་དབུས་གཙང་ཟིང་འཁྲུག་ཐག་ཆོད་པའི་རྗེས་ནས་ལོ་ངོ་དྲུག་རིང་ཏཱ་ལའི་བླ་མ་མཆོག་མི་ཉག་གི་ཡུལ་མགར་ཐར་དུ་བཞུགས་དགོས་པའི་བཀའ་ཕབ་པ་སོགས་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ལ་ཤུགས་ཆེན་གྱིས་རྒྱབ་སྐྱོར་བྱས། གྲངས་ཉུང་མི་རིགས་ས་ཁུལ་དུ་སྔར་ཡོད་སྡེ་དཔོན་རྣམས་ཕྱིར་འཐེན་ཐོག་གཞུང་དཔོན་བསྐོ་གཞག་གི་སྲོལ་གཏོད། ཕྱི་ཕྱོགས་སུ་ཁྲི་ལོ་ལྔ་པ་མེ་ལུག(༡༧༢༧)ལོར་ཀྲུང་གོ་དང་ཧྲ་ཧོང་ཨུ་རུ་སུའི་བར་པུ་ལན་སི་ཅི་ཆིངས་ཡིག་དང༌། ཀྲུང་ཨུ་ཆ་ཁ་ཐུ་ཆིངས་ཡིག༌བཅས་བཞག་སྟེ། ཀྲུང་གོ་དང་ཨུ་རུ་སུའི་བར་གྱི་ས་མཚམས་དུམ་བུ་དཀྱིལ་མ་གཏན་འཁེལ་བྱུང་ཡོད། དགུང་ལོ་ང་བརྒྱད་པ་དང་ཁྲི་ལོ་བཅུ་གསུམ་པ་རབ་བྱུང་བཅུ་གཉིས་པའི་ཤིང་ཡོས(༡༧༣༥)ལོར་འདས། ཤོད་རྒྱུན་དུ་གོང་མ་འདི་བཙུན་མོ་བཞི་པས་འཁོན་འཛིན་བྱས་ཏེ་བཀྲོངས་པ་རེད་ཟེར་བ་དང༌། འགའ་ཞིག་གིས་སྨན་འཐུང་ནས་གྲོངས་པ་རེད་ཟེར་བ་སོགས་ཡོད། བང་སོ་ནི་མོའུ་ལིན(དེང་སང་ཧོ་པེ་ཞིང་ཆེན་གྱི་དབྱི་རྫོང་ནུབ་ཕྱོགས་ལེ་དབར་ལྔ་བཅུའི་ས་མོའུ་ཉིང་གྲོང་རྡལ་ཡུང་ཉིན)རི་བོར་ཡོད། ལོ་རྒྱུས་གནད་བསྡུས<<ཀྲུང་གོའི་རྒྱལ་རབས་རིམ་པའི་གོང་མའི་ལོ་རྒྱུས་ཕྱོགས་བསྡུས>>ཀྱི་ཤོག་གྲངས༩༣༢་ནས༩༣༥བར་ཡོད།
- language:
- Tibetan
2. Thupten Phuntsok Dictionary
ཀྲུང་གོའི་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་གསུམ་པ་ཡིན་ཅིང་། གོང་མ་ཁང་ཤིའི་སྲས་བཞི་པ་ཡིན། རབ་བྱུང་བཅུ་གཅིག་པའི་ས་རྟ་ (༡༦༧༨) ལོར་འཁྲུངས། དགུང་ལོ་ཞེ་དྲུག་པ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་ (༡༧༢༣) ནས་གོང་གསལ་རབ་བྱུང་གྱི་མེ་འབྲུག (༡༧༣༦) བར་ལོ་བཅུ་གསུམ་རིང་སྲིད་དབང་བསྐྱངས།
- language:
- Tibetan